ཨོ་གླིང་ནང་གཞིས་སྤོའི་ཁྲོད་ཁྱིམ་ཚང་ནང་གི་དྲག་སྤྱོད་སྔོན་འགོག་བྱེད་སྟངས།

How to prevent family violence in migrant communities in Australia.jpg

Get the SBS Audio app

Other ways to listen

ཁྱིམ་ཚང་དྲག་སྤྱོད་དང་བཙན་དབང་གི་འཆལ་སྤྱོད་སོགས་ནི་ཨོ་སི་ཊོ་ལི་ཡའི་ནང་འཕྲོད་བསྟེན་བདེ་ཐང་དང་སེམས་ཀྱི་བདེ་སྡུག་གི་གནད་འགག་གལ་ཆེན་ཞིག་ཆགས་ཡོད། ཞིབ་འཇུག་གྲངས་ཐོར་ལྟར་ན་ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༡༥ ནས་བཟུང་སྟེ་མི་ ༥ རེའི་ནང་མི་ ༢ རེ་ལ་ལུས་པོར་མནར་གཅོད་དང་ཡང་ན་བཙན་དབང་གི་འཆལ་སྤྱོད་སོགས་གནོད་འཚེ་ཕོག་མྱོངས་ཡོད་སྐོར་གསལ་འདུག


Key Points
  • If a neighbour is causing you grief, direct communication and private negotiations are preferred ways to address the issue instead of a formal court process.
  • In Australia, government agencies and mediation service providers can offer information and support for dispute resolution.
  • Check your local council to find out about bylaws relating to your complaint and where you can get help.
ཁྱིམ་ཚང་ནང་དྲག་སྤྱོད་ཀྱི་གནོད་འཚེ་མི་ཚང་མར་ཕོག་སྲིད་པ་ཞིག་ཡིན་ཡང་གཞིས་སྤོའི་བུད་མེད་ཁྲོད་ཁོང་ཚོར་རོགས་རམ་དགོས་དུས་དཀའ་ངལ་གཞན་ལས་ཆེ་བ་ཡོད་པ་རེད།

ཉེ་བའི་དུས་ཚོད་ནང་མ་གཏོགས་ནང་མི་དང་ཁྱིམ་ཚང་ནང་གི་དྲག་སྤྱོད་ནི་མི་སྒེར་གྱི་དཀའ་ངལ་ཞིག་ལས་སྤྱི་ཚོགས་ཀྱི་དཀའ་ངལ་མ་རེད་བསམས་ཀྱི་ཡོད།

ཡིན་ན་ཡང་ཞིབ་འཇུག་གྲངས་ཐོར་ནང་གསལ་པོར་འཁོད་པ་ལྟར། ཨོ་སི་ཊོ་ལི་ཡའི་ནང་དྲག་སྤྱོད་ཀྱི་གནོད་འཚེ་མང་ཆེ་བ་ཞིག་ནི་ནང་མི་ཚོའི་ལག་པ་ནས་ཕོག་གི་ཡོད་པ་རེད།

དེ་ཡང་བུད་མེད་ ༦ ནང་ནས་ ༡ དང་སྐྱེས་པ་ ༨ ནང་ནས་ ༡ རེ་ལ་སོ་སོའི་བཟའ་ཟླ་ལས་གཟུགས་པོ་དང་ཡང་ནང་འཆལ་སྤྱོད་ཐད་ནས་མནར་གཅོད་མྱོངས་བཞིན་ཡོད།

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེ་བཙུགས་ལག་སློབ་གཉེར་ཁང་གི་བྱིས་པ་སྲུང་སྐྱོབ་ལྟེ་གནས་ནས་ནང་མི་དང་ཁྱིམ་ཚང་དྲག་སྤྱོད་སྐོར་གྱི་ཆེད་མཁས་པ་ཌོ་ཊར་ནཱ་དྷ་ཨ་བྷར་ཧིམ་ Dr Nada Ibrahim ལགས་ཀྱིས་ཁྱིམ་ཚང་ནང་གི་དྲག་སྤྱོད་མནར་གཅོད་དེ་རྣམ་པ་སྣ་ཚོགས་ནས་ཡོང་གི་ཡོད་སྐོར་བརྗོད་འདུག

ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་གནས་སྟངས་ནི། སྤྱིར་སྟངས་ཉི་གདུག་ལྟ་བུའི་རྣམ་པའི་ཐོག་ནས་ནང་མི་དང་ཁྱིམ་ཚང་གི་སྒྲིག་གཞི་འོག་རྣམ་པ་སྣ་ཚོགས་ནས་ཡོང་གི་ཡོད། དཔེར་ན་ཁྱིམ་ཚང་ནང་གི་དྲག་སྤྱོད་ནི་བཟའ་ཚང་དབར་དང་། བྱིས་པར་མནར་གཅོད་གཏོང་བ། ལོ་ན་རྒན་པར་མནར་གཅོད་གཏོང་བ། སྤུན་མཆེད་ཕན་ཚུན་དབར་མནར་གཅོད་གཏོང་བ། ཕ་མར་མནར་གཅོད་གཏོང་བ་སོགས་ཁྱིམ་ཚང་ནང་གི་སྒྲིག་གཞི་འོག་རྣམ་པ་སྣ་ཚོགས་ནས་དྲག་སྤྱོད་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

ནང་མི་དང་ཁྱིམ་ཚང་དེ་བཞིན་འཆལ་སྤྱོད་སོགས་ཀྱི་ཐོག་ནས་གནོད་འཚེ་ཕོག་མཁན་མང་ཆེ་བ་ནི་བུད་མེད་རེད།

ང་ཚོས་གནོད་འཚེ་ལབ་དུས་གཟུགས་པོ་གཅིག་པོའི་ཐོག་ནས་མ་ཡིན་པར་རྣམ་པ་སྣ་ཚོགས་ནས་གནོད་འཚེ་ཕོག་སྲིད་པ་རེད། དཔེར་ན་སེམས་ཁམས་ལ་གནོད་འཚེ་དང་། དཔལ་འབྱོར་ལ་གནོད་འཚེ། ཟིང་ཆ་སློང་བ་དང་བཙན་ཤེད་ཀྱིས་གཞན་ལ་སྟངས་འཛིན་བྱེད་པ་སོགས་ཚུད་ཡོད།

ཌོ་ཊར་ནཱ་དྷ་ཨ་བྷར་ཧིམ་ Dr Nada Ibrahim ལགས་ཀྱིས་མི་ཁག་ཅིག་ལ་ད་དུང་ཡང་དུས་ལས་ཡོལ་ཟིན་པའི་དྲག་སྤྱོད་ཀྱི་འདུ་ཤེས་ཡོད་པས། དྲག་སྤྱོད་ནི་གཟུགས་པོ་གཅིག་པུའི་ཐོག་ནས་མིན་པར་བྱེད་བབས་སྣ་ཚོགས་ནས་དྲག་སྤྱོད་ཆགས་ཀྱི་ཡོད་པ་ངོས་འཛིན་ཐུབ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

མཚམས་རེར་རིག་གཞུང་བྱེ་བྲག་པ་ཁག་ཅིག་གི་ལྟ་ཚུལ་ཐོག་ནས་ལུས་པོར་དྲག་སྤྱོད་ཕུད་གཞན་ཁྱིམ་ཚང་ནང་གི་དྲག་སྤྱོད་དེ་རིགས་ངོས་འཛིན་བྱེད་ཐུབ་ཀྱི་མེད། ཁོང་ཚོས་སྤྱི་ཚོགས་ནང་མཐོང་བཞིན་པའི་ལུས་པོའི་ཐོག་ལ་དྲག་སྤྱོད་ནི་བཟོད་སྒོམ་དང་དང་ལེན་བྱེད་མི་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་སྲིད་མོད། འོན་ཀྱང་ཁོང་ཚོང་དངོས་ཡོད་འཚོ་བའི་ཁྲོད་ནང་མི་དང་ཁྱིམ་ཚང་ནང་གི་དྲག་སྤྱོད་དཔེར་ན། ངག་ཐོག་ནས་སྡུག་སྦྱོང་གཏོང་བ་དང་། སེམས་ཁམས་ལ་མནར་གཅོད་གཏོང་བ་སོགས་ཀྱང་ནང་མི་དང་ཁྱིམ་ཚང་ནང་གི་དྲག་སྤྱོད་ཅིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་མཚམས་རེར་ཆོས་ལུགས་དད་མོས་སམ་ཡང་ན་ཁྱིམ་ཚང་ནང་གི་གནོན་ཤུགས་འོག་ལ་ཁྱིམ་ཚང་ནང་དྲག་སྤྱོད་ཀྱི་གནས་ཚུལ་འབྱུང་སྲིད་པ་ཞིག་རེད།

ཁྱིམ་ཚང་དྲག་སྤྱོད་སྐོར་གྱི་ངོ་ཚབ་ལས་ཁུངས་ཚང་མར་རིག་གཞུང་སྣ་ཚོགས་དང་ལས་དོན་བྱེད་པའི་མཐུན་རྐྱེན་མེད་ཀྱང་། ད་དུང་ཨོ་སི་ཊོ་ལི་ཡའི་ནང་ཚོགས་པ་ཁག་མང་པོ་ཞིག་ཡོད་པ་རེད། དཔེར་ན་ཨིན་ཊོ་ཆི་ inTouch ཟེར་བ་དེ་ནི་དམིགས་བསལ་སྐྱབས་བཅོལ་དང་གཞིས་སྤོའི་ཚོགས་སྡེ་དེ་ཚོའི་ནང་ཁྱིམ་ཚང་གི་དཀའ་ངལ་གནད་དོན་སྐོར་ལ་ཆེད་ལས་པ་དེ་འདྲ་རེད།

ཨ་ནུ་ཁེར་ཤཱ་ནན་ Anu Krishnan ལགས་ནི་ Kulturebrille ཞེས་པའི་ཚོགས་པ་དེའི་འགན་འཛིན་རེད། ཚོགས་པ་དེས་སྐད་ཡིག་དང་རིག་གཞུང་གི་ཤུགས་རྐྱེན་འོག་ཁྱིིམ་ཚང་ནང་གི་དྲག་སྤྱོད་སོགས་ཀྱི་དཀའ་ངལ་དང་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་རམ་བྱེད་ཀྱི་ཡོད།

ཁོ་མོས་ཡུལ་མི་གནས་སྤོའི་དཀའ་ངལ་གནོན་ཤུགས་དེ་མཚམས་རེར་ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་རྒྱུར་འགྱུར་སྲིད་པ་རེད་ཅེས་གསུངས་འདུག

ཁོ་མོས་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་ཁོང་ཚོ་རིག་གཞུང་གསར་པ་ཞིག་གི་ནང་འཚོ་བ་སྐྱེལ་དགོས་དུས་སེམས་ལ་གནོད་ཤུགས་འཕར་མ་ཡོད་པ་རེད། མ་ཚད་ལས་ཀ་འཚོལ་རྒྱུའི་དཀའ་ངལ་དང་སོ་སོའི་ལུང་པ་དང་ཕོ་མོ་འདྲ་མཉམ་གྱི་གནས་བབས་མི་འདྲ་བ་སོགས་ཀྱིས་དཀའ་ངལ། རིག་གཞུང་གསར་པ་ཞིག་གི་ནང་དཀའ་ངལ་སྣ་ཚོགས་ཤིག་ཡོད་པ་རེད་ཅེས་གསུངས་འདུག

ལྕམ་ཁེར་ཤཱ་ནན་ Ms Krishnan ལགས་ཀྱིས་ཁྱིམ་ཚང་གི་དྲག་སྤྱོད་སྔོན་འགོག་ལ་སྤྱི་ཚོགས་ཁྱོན་ཡོངས་མཉམ་ཞུགས་བྱས་ཚེ་ད་གཟོད་ནུས་པ་ཞིག་ཐོན་གྱི་རེད་ཅེས་གསུངས་འདུག

ཁོ་མོས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ཡོད་ཚེ་ད་གཟོད་བུད་མེད་རྣམས་རོགས་རམ་འཚོལ་བར་བློ་སྟོབས་དང་གདེང་ཚོད་སླེབས་ཀྱི་རེད། སྤྱི་ཚོགས་ནང་གནས་ཚུལ་དེའི་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་མང་པོ་ཞིག་དགོས་ཀྱི་ཡོད་པ་རེད།  སྤྱི་ཚོགས་ནང་མི་གཞན་གྱིས་ཁོ་མོའི་ཁྱིམ་ཚང་ནང་གི་མནར་གཅོད་ལ་རོགས་རམ་བྱེད་མཁན་བྱུང་ཚེ། ཁོ་མོ་སྤྱི་ཚོགས་ནང་ནས་ཟུར་དུ་ལྷག་མི་མེད་པའི་ཚོང་སྣང་ཡོང་གི་རེད་ལ། བཟའ་ཟླས་དྲག་སྤྱོད་ཀྱིས་མནར་གཅོད་གཏོང་གི་ཡོད་པ་དེ་བཤད་ན་ངོ་ཚ་རེད་བསམས་ནས་བུད་མེད་ཚོས་སྙན་སེང་ཞུ་གི་མེད། ང་ཚོས་ངོ་ཚ་རེད་བསམས་པ་དེ་མེད་པ་བཟོ་ནས་དེའི་སྐོར་ལ་འགྲེལ་བརྗོད་བྱེད་དགོས། ཁོང་ཚོས་ཁྱེད་ལ་ངན་ཁག་དཀྲི་མི་སྲིད་ཅེས་བཤད་དགོས་ཅེས་གསུངས་འདུག

ལྕམ་ཁེར་ཤཱ་ནན་ Ms Krishnan ལགས་ཀྱིས་གཞིས་སྤོ་ལ་ཡོང་བའི་བུད་མེད་དེ་ཚོས་རོགས་རམ་བྱེད་མཁན་འཚོལ་ཐབས་བྱས་ཀྱང་། ཁོང་ཚོས་ག་པར་འགྲོ་དགོས་མིན་སོགས་མ་ཤེས་པར་ཟུར་དུ་ལྷག་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཁོང་ཚོ་སྙན་སེང་ཞུ་རྒྱུ་སྐྲག་གི་ཡོད་པ་རེད། གལ་སྲིད་ཁོང་ཚོས་སྙན་སེང་ཞུ་བསམས་ཡང་ག་པར་འགྲོ་དགོས་མིན་ཤེས་ཀྱི་ཡོད་མ་རེད། ཁོང་ཚོས་རོགས་རམ་བྱེད་མཁན་དང་བུད་མེད་སྲུང་སྐྱོབ་བྱེད་མཁན་དེ་ཚོ་ཤེས་ཀྱི་ཡོད་མ་རེད། མ་ཚད་ཁོང་ཚོས་སྲུང་སྐྱོབ་བྱེད་མཁན་དེ་ཚོ་གང་འདྲ་ཞིག་ཡོད་ན་བསམས་ནས་དོག་པ་ཡང་སྐྱེ་བཞིན་ཡོད། བུད་མེད་མང་པོ་ཞིག་ཐོངས་ཆེན་གྱི་དཀའ་ངལ་ཡོད་པས་འཚོ་བར་སྐྱེལ་བར་བཟའ་ཟླར་བརྟེན་ནས་བསྡད་ཡོད། མཚམས་རེར་ཁོང་ཚོ་ཕྲུ་གུ་འཁྱེར་ནས་གནས་སྤོ་འགྲོ་རྒྱུའི་ནུས་པ་ཡང་ཡོད་མ་རེད་ཅེས་གསུངས་འདུག

ཝིན་ཌིད་ལོ་ཝེན་ Wendy Lobwein ལགས་ནི་ཨོ་སི་ཊོ་ལི་ཡའི་ AMES ཞེས་བུད་མེད་ལ་དྲག་སྤྱོད་སྔོན་འགོག་བྱེད་མཁན་གྱི་ཚོགས་པ་དེའི་དོ་དམ་པ་རྒན་པ་ཞིག་རེད། ཚོགས་པ་དེས་གསར་དུ་གཞིས་སྤོ་གནས་སྡོད་བྱེད་མཁན་རྣམས་ལ་རོགས་རམ་བྱེད་ཀྱི་ཡོད། ཁོ་མོས་གནད་དོན་འདིའི་ནང་སྐྱེས་པ་ཚོས་ཀྱང་འགན་འཁུར་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཁོ་མོས་གནད་དོན་འདིའི་ཐད་སྐྱེས་པ་ཚོའི་འགན་འཁུར་ཡང་ཧ་ཅང་གལ་ཆེན་ཡིན་ཞིང་། ཕོ་མོ་དབར་འབྲེལ་བར་གུས་བརྩི་དང་ཕན་ཚུན་གུས་ཞབས། བུད་མེད་ལ་དྲག་སྤྱོད་དང་རྩུབ་སྤྱོད་ཐད་དོ་འཁུར་གནང་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ད་ལྟའི་ཆར་གཞིས་སྤོའི་བུད་མེད་རྣམས་དྲག་སྤྱོད་ཀྱི་གནོད་འཚེ་ཐེབས་སྐབས་རོགས་རམ་བྱེད་མཁན་ཞབས་ཞུ་ཁང་ཁ་ཤས་ཡོད་པ་རེད།

ལས་དོན་མང་པོ་ཞིག་སྐད་སྒྱུར་བ་བརྒྱུད་ནས་རོགས་རམ་བྱེད་ཀྱི་ཡོད་ཅིང་སྐད་སྒྱུར་དེ་བཞིན་སྐད་ཡིག་ཚང་མའི་ནང་རག་གི་ཡོད།

གལ་སྲིད་ཁྱེད་རང་ཁྱིམ་ཚང་ནང་གི་དྲག་སྤྱོད་དང་རྩུབ་སྤྱོད་ཀྱི་དཀའ་ངལ་མྱོང་བཞིན་ཡོད་ཚེ། རྒྱུན་དུ་ཁྱེད་རང་བསྟེན་གཏུགས་བྱེད་སའི་སྨན་པར་ཞུས་ནའང་འགྲིག སྨན་པས་འབྲེལ་ཡོད་ཀྱི་ཞབས་ཞུ་དེ་འདྲ་ངོ་སྤྲོད་དང་རྒྱབ་གཉེར་གནང་གི་རེད།

ཡིན་ན་ཡང་གལ་སྲིད་ཁྱེད་རང་ཛ་དྲག་གི་ཉེན་ཁ་ཡོད་ཚེ་དེ་མ་ཐག་ཨང་གྲངས་ཀླད་ཀོ་གསུམ་ ༠༠༠ ལ་ཁ་པར་གཏོང་དགོས་ཞེས་གསུངས་འདུག

ངས་བུད་མེད་མང་པོ་ཞིག་གིས་ཉེན་རྟོག་པ་དང་འབྲེལ་བ་བྱ་རྒྱུར་སྐྲག་གི་ཡོད་པ་ཤེས་ཀྱི་ཡོད། ཁོང་ཚོས་ཉེན་རྟོག་པར་འབྲེལ་བ་བྱས་ན་དེ་ནི་ཁོ་ཚོའི་ཁྱིམ་ཚང་ལ་གཏོར་བརླག་དང་ཐོར་ཞིག་ཏུ་འགྲོ་བའི་འགོ་བརྩམས་པ་རེད་བསམས་སྲིད། ཡིན་ནའང་ཉེན་རྟོག་པར་ཉིན་རེ་བཞིན་སྦྱོང་བརྡར་ཐེབས་བཞིན་ཡོད། དེ་ནི་མི་རྣམས་བདེ་འཇགས་ཡོང་བར་འགན་ལེན་བྱ་རྒྱུ་དེ་ཡིན་པ་ལས་བཟའ་ཚང་དང་ཡང་ན་འབྲེལ་བ་མཇུག་བསྒྲིལ་རྒྱུར་དམིགས་པ་ཞིག་མ་མིན། དེ་ནི་བྱེད་སྟངས་གང་རུང་ཞིག་གི་ཐོག་ནས་མངོན་ཐུབ་པ་ཡིན། ཉེན་རྟོག་པས་མི་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བརྟེན་ནས་ཨང་གྲངས་ཀླད་ཀོ་གསུམ་ 000 ལ་ཁ་པར་རྒྱག་རོགས་ཞེས་གསུངས་འདུག

གལ་སྲིད་ཁྱེད་རང་ཁྱིམ་ཚང་ནང་དྲག་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ཞིག་དང་ཡང་ནང་མི་གཞན་ཞིག་ཁྱིམ་ཚང་ནང་དྲག་སྤྱོད་ཀྱི་གནོད་འཚེ་ཕོག་གི་ཡོད་པ་ཤེས་རྟོགས་བྱུང་ཚེ་ཁ་པར་ཨང་གྲངས་ ༡༨༠༠ ལ་འབྲེལ་བ་བྱེད་ནས་རོགས་རམ་ཞུ་དགོས།

གལ་སྲིད་ཁྱེད་རང་གི་སེམས་ཁམས་ལ་རོགས་རམ་དགོས་ཚེ་ཁ་པར་ཨང་གྲངས་ ༡༣ ༡༡ ༡༤ དང་ཡང་ན་ ༡༨༠༠ ༢༢ ༤༦ ༣༦ ལ་འབྲེལ་བ་ཞུས་ཆོག

གལ་སྲིད་ཁྱེད་ལ་སྐད་སྒྱུར་དགོས་ཚེ་ཁ་པར་ཨང་གྲངས་ ༡༣ ༡༤ ༥༠ ལ་འབྲེལ་བ་བྱེད་དགོས་པ་རེད།

Share