ཨོ་སི་ཊོ་ལི་ཡས་མཁའ་རླུང་འབག་བཙོག་ཉུང་དུ་གཏོང་ཐབས།

Emissions reduction in Australia.jpg

Get the SBS Audio app

Other ways to listen

ད་ལྟའི་ཆར་འཛམ་བུ་གླིང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཤུགས་ཆེ་གཅོག་བཞིན་ཡོད་པ་དང་། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་མངོན་སུམ་ར་འཕྲོད་བྱུང་ཡོད། དེང་གི་འཛམ་གླིང་འཕེལ་རྒྱས་ཆེད་གཙོ་བོར་ས་སྣུམ་དང་། སོ་རླངས། རྡོ་སོལ་སོགས་ཤུགས་ཆེ་མེར་བསྲེགས་པ་སོགས་འགྲོ་བ་མིའི་བྱེད་ལས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ཤུགས་ཆེར་འགྲོ་བཞིན་ཡོད།


དྲོད་ཁང་རླངས་རྫས་ Green House Gas ཀྱི་འབག་བཙོག་ཉུང་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ནི་རྡོ་སོལ་སོགས་སྲེག་ཚད་ཉུང་དུ་གཏོང་དགོས་ཤིང་དེས་གནམ་གཤིས་འགྱུར་ལྡོག་དལ་དུ་གཏོང་ཐུབ། དེ་དང་ཆབས་ཅིག་སྐྱར་གསོ་རུང་བའི་གློག་ནུས་ཀྱི་ཐོན་ཁུངས་མང་དུ་གཏོང་དགོས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡས་རླུངས་ཁམས་འབག་བཙོག་ཉུང་དུ་གཏོང་ཐབས་ཀྱི་ཕུག་རྒྱང་རིང་པོའི་དམིགས་ཡུལ་ཞིག་བཟུང་ཡོད་ཅིང་། ཕུག་བསམ་དེ་མངོན་འགྱུར་ཡོང་བར་མི་ཚང་མས་གནས་ཚུལ་དེ་ཤེས་རྟོགས་དང་
ཐད་དོ་སྣང་དང་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད།

རྡོ་སོལ་མེར་བསྲེགས་པས་དེས་བར་སྣང་ཁམས་སུ་སྲོག་རླུང་ནག་རྫས་དང་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་ཆེས་མང་ཤོས་བཟོ་བཞིན་ཡོད། དེའི་མཇུག་འབྲས་ཀྱིས་གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་ཡོད། རྒྱུན་རྐྱེན་ནི་གོ་ལའི་བར་སྣང་ཁམས་སུ་དྲོད་ཁང་རླངས་རྫས་མང་དུ་ཆགས་པ་དང་དེས་རྐྱེན་པའི་ཉི་མ་ལས་ཚ་དྲོད་ཇེ་ཆེར་འགྲོ་བཞིན་ཡོད།

གནམ་གཤིས་འགྱུར་ལྡོག་ གི་གོ་དོན་ནི་ཚ་དྲོད་ཇེ་ཆེར་འགྲོ་བར་གོ སའི་གོ་ལ་ནི་རྙོག་འཛིང་ཆེ་བའི་སྒྲོམ་གཞི་ཞིག་དང་། ད་དུང་གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་གཞན་དག་ནི་མེ་སྐྱོན་དང་། ཆུ་ལོག དྲག་ཆར་སོགས་གནས་སྟངས་གཞན་མང་པོ་ཞིག་ལ་རག་ལས་ཡོད་པ་རེད།

རྒྱ་མཚོའི་དྲོད་ཚད་ཆེ་རུ་ཕྱིན་པ་དང་། རྒྱ་མཚོའི་ཚད་གཞི་མཐོ་རུ་ཕྱིན་པ། དར་དང་གངས་རི་ཞུ་བ། སྐྱེ་དངོས་སྣ་མང་ལ་ཤུགས་རྐྱེན་ཐེབས་པ་སོགས་དེ་ཚོ་ཚང་མ་ཡང་གནམ་གཤིས་འགྱུར་ལྡོག་གི་ཆ་ཤས་དང་། དེས་ང་ཚོ་འགྲོ་བ་མིའི་འཚོ་གནས་ལ་གནོད་འཚེ་དང་ཧ་ཅང་འཇིགས་སྣང་སློང་བཞིན་ཡོད་པ་རེད།

གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆུང་དུ་གཏོང་བར་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་ཉུང་དུ་གཏོང་དགོས་པ་དང་། རྡོ་སོལ་སོགས་ཀྱི་ཚབ་དུ་ཆུ་དང་། རླུང་། ཉི་མ་སོགས་ཀྱིས་ཐོན་སྐྱེད་བྱེད་བཞིན་པའི་གློག་གི་ནུས་ཁུངས་བེད་སྤྱོད་མང་བ་གཏོང་དགོས་ཀྱི་ཡོད་པ་རེད། 

ཨོ་སི་ཊོ་ལི་ཡས་གོ་ལ་ཚ་དྲོད་ལ་གནོད་པའི་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་ཉུང་དུ་གཏོང་ཐབས་སུ་ཕུག་རྒྱང་རིང་བའི་དམིགས་འབེན་ཞིག་བཟུང་ཡོད།

 ཌོ་ཊར་སེ་མོན་བྷ་རཱ་ཤའོ་ Dr Simon Bradshaw ལགས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་ཞིབ་འཇུག་བྱེད་བཞིན་པ་དང་། ཁོང་ནི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཀྱི་ཞིབ་འཇུག་འགན་འཛིན་ཞིག་ཀྱང་རེད། ཁོང་གིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གང་འདྲ་བྱེད་དགོས་མིན་སྐོར་འགྲེལ་བརྗོད་གནང་འདུག

ཁོང་གིས་རྒྱལ་ཁབ་གཞན་དག་མང་ཆེ་བ་ལྟར་ཨོ་སི་ཊོ་ལི་ཡས་ཀྱང་ཕྱི་ལོ་ ༢༠༥༠ ནང་ཚུད་དུ་དྲོད་ཁང་རླངས་རྫས་འབག་བཙོག་བཟོ་ཚད་ཀླད་ཀོ་ Net Zero Emissions ཡི་དམིགས་འབེབས་བཟུང་ཡོད་པ་རེད། ད་ལྟའི་ཆར་ཡང་ཁྱིམ་ཚང་དང་བཟོ་གྲྭ་ཁག་ནས་གློག་གི་ནུས་ཤུགས་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་ནས་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། འགྱུར་བ་གཏོང་བའི་ཐབས་ལམ་ནི་རླུང་དང་ཉི་མ་ལས་ང་ཚོས་གློག་གི་ནུས་ཤུགས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་ནས་རྡོ་སོལ་རིམ་བཞིན་བེད་སྤྱོད་མཚམས་འཇོག་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ཌོ་ཊར་བྷ་རཱ་ཌ་ཤའོ་ Dr Bradshaw ལགས་ཀྱིས་ཕྱི་ལོ་ ༢༠༥༠ ཟེར་དུས་དུས་ཡུན་རིང་པོའི་སྐད་ཆ་ལྟར་བུ་ཞིག་ཡོད་ཀྱང་། དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་ཉུང་དུ་གཏོང་རྒྱུ་དེ་ད་ལྟ་ནས་ཛ་དྲག་དང་འགོ་བཙུགས་དགོས་པ་ཞིག་རེད་ཅེས་གསུངས་འདུག

ད་ལྟ་ང་ཚོས་ངེས་པར་དུ་ལོ་བཅུའི་ནང་དྲོད་ཁང་རླངས་རྫས་འབག་བཙོག་བཟོ་ཚད་ཧ་ལམ་ཕྱེད་ཀ་ཙམ་ཉུང་དུ་གཏོང་དགོས་པ་མ་ཟད། གང་མགྱོགས་ཅི་མགྱོགས་ཀྱིས་དྲོད་ཁང་རླངས་རྫས་འབག་བཙོག་བཟོ་ཚད་ཀླད་ཀོའི་དམིགས་ཚད་འགྲུབ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་འདུག

ཡང་ཁོང་གིས་གལ་སྲིད་ང་ཚོར་མ་འོངས་པའི་ཁོར་ཡུག་དང་འཚོ་བ་དེ་བདེ་འཇགས་དང་ཕུན་སུམ་ཚོགས་པ་ཞིག་དགོས་ན་ང་ཚོས་ཛ་དྲག་ཆེ་བའི་གནད་དོན་འདིར་ངེས་པར་དུ་གདོང་ལེན་བྱེད་དགོས་པ་དང་། དྲོད་ཁང་རླངས་རྫས་གང་མགྱོག་ཉུང་དུ་གཏོང་བར་གཞི་རྩ་ང་ཚོས་རྡོ་སོལ་འབུད་ཚད་ཉུང་དུ་གཏོང་དགོས་པ་རེད་ཅེས་གསུངས་འདུག

ཕྱི་ལོ་ ༢༠༢༢ ལོར་ཨོ་སི་ཊོ་ལི་ཡ་གཞུང་གིས་གནམ་གཤིས་འགྱུར་ལྡོག་སྐོར་ཁྲིམས་དོན་ཞིག་འགྲེལ་བརྗོད་བྱས་ཡོད་པ་དང་། ཁྲིམས་དོན་དེའི་ནང་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་བཟོ་ཚད་ཉུང་དུ་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད། 

ཨ་རོན་ཐང་ Aaron Tang ལགས་ནི་ཁེམ་བྷེ་རེ་ཇི་གཙུག་ལག་སློབ་གཉེར་ཁང་དུ་ལྷན་དུ་གནམ་གཤིས་འགྱུར་ལྡོག་གི་སྲིད་བྱུས་སྐོར་ཉམས་ཞིབ་བྱེད་མཁན་ཞིག་དང་། ཁོང་ནི་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམས་པ་ PhD སློབ་ཐོན་བྱེད་བཞིན་པའི་མ་ཚད་སློབ་གཉེར་ཁང་དེའི་ནང་འཆད་ཁྲིད་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

ཁོང་གིས་ཨོ་སི་ཊོ་ལི་ཡས་གནམ་གཤིས་འགྱུར་ལྡོག་གི་ཁྲིམས་གཞི་དེའི་ནང་ཕྱི་ལོ་ ༢༠༠༥ ནས་ ༢༠༣༠ བར་རྡོ་སོལ་འབུད་ཚད་བརྒྱ་ཆ་ ༤༣ ཉུང་དུ་གཏོང་རྒྱུའི་དམིགས་འབེན་དང་། ཕྱི་ལོ་ ༢༠༥༠ ལ་སླེབས་སྐབས་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་བཟོ་ཚད་ཀླད་ཀོར་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད། དེ་ནི་དམིགས་ཚད་ཆེན་པོ་ཞིག་ཆགས་ཡོད། དེ་སྔོན་ཨོ་སི་ཊོ་ལི་ཡ་དབུས་གཞུང་ལ་གནམ་གཤིས་འགྱུར་ལྡོག་གི་ཁྲིམས་དེ་མུ་མཐུད་ལག་བསྟར་ཐད་འགོག་རྐྱེན་འཕྲད་ཡོད་པ་རེད། མ་འོངས་པར་གནམ་གཤིས་འགྱུར་ལྡོག་གི་ཁྲིམས་དེ་མདུན་བསྐྱོད་བྱེད་ཐུབ་པའི་རེ་བ་དང་། དེ་ནི་མ་འོངས་པའི་དམིགས་ཡུལ་མང་པོ་ཞིག་འགྲུབ་པར་གཞི་རྩའི་རྨང་གཞི་གལ་ཆེན་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་འདུག

དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་ཀླད་ཀོར་བཟོ་བར་དྲོད་ཁང་རླངས་རྫས་ཀྱི་རྒྱུར་གྱུར་པའི་རྡོ་སོལ་སོགས་བསྲེགས་ཚད་ཉུང་དུ་གཏོང་དགོས་པས་མ་ཚད། བར་སྣང་ཁམས་སུ་ཡོད་པའི་དྲོད་ཁང་རླངས་རྫས་ཀྱི་འབག་བཙོག་དེ་ཚོ་ཡང་རིམ་པར་མེད་པ་བཟོ་བ་སོགས་ལས་དོན་དོ་མཉམ་ཡོང་ཐབས་བྱེད་དགོས་ཀྱི་ཡོད་པ་རེད།

Share