ཨོ་སི་ཊོ་ལི་ཡའི་ནང་ང་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཆོག་པའི་ཐོབ་ཐང་སྐོར།

PROTEST-AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

དུས་རྒྱུན་ཨོ་སི་ཊོ་ལི་ཡའི་ནང་མི་མང་རྣམས་ཁྲོམ་གཞུང་ལ་ཡོང་ནས་གནད་དོན་གལ་ཆེན་ཞིག་གི་ཐོག་འབོད་སྒྲ་དང་ངོ་རྒོལ་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད། ངོ་རྒོལ་ལས་འགུལ་སྤེལ་བ་ནི་ཁྲིམས་འགལ་མིན་ཡང་ས་མཚམས་ཤིག་དང་ཚད་རྒལ་གྱི་བྱ་སྤྱོད་ངན་པ་སྤེལ་ཆོག་གི་མེད་པ་རེད།


གལ་སྲིད་ཁྱེད་རང་གིས་ངོ་རྒོལ་ལས་འགུལ་སྤེལ་ཚེ་མཚམས་རེ་ཉེན་ཁའི་ནང་ཚུད་སྲིད་པས། གཙོ་བོར་ཁྱེད་རང་གིས་ས་གནས་གང་ཞིག་ཏུ་བྱ་སྤྱོད་གང་འདྲ་ཞིག་སྤེལ་གྱི་ཡོད་མེད་ལ་རག་ལས་ཀྱི་ཡོད།

མི་རྣམས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་ཅེས་ཡོངས་གྲགས་སུ་བཤད་བཞིན་ཡོད་ཀྱང་ཨོ་སི་ཊོ་ལི་ཡ་རྩ་ཁྲིམས་ནང་ངོ་རྒོལ་གྱི་ཐོབ་ཐང་སྐོར་ཁ་གསལ་པོ་དེ་ཙམ་བཀོད་མེད་པ་རེད


ལུ་ཁེ་མཱ་ནཱ་མཱ་རཱ་ Luke McNamara ལགས་ནི་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་བཅའ་ཁྲིམས་དང་ཁྲིམས་དོན་སྐོར་གྱི་དགེ་རྒན་ཆེན་མོ་ཞིག་རེད། ཁོང་གིས་རྩ་ཁྲིམས་གཞིར་བཟུང་བྱས་ན་ང་ཚོས་ཆབ་སྲིད་ཀྱི་གནད་དོན་ཁག་དང་འབྲེལ་འདྲིས་བྱེད་པའི་ཐོབ་ཐང་ཡོད་ཅེས་བཀོད་ཡོད་ཅེས་གསུངས་འདུག

ཁོང་གིས་དཔེར་ན་ཝི་ཊོ་རི་ཡ་མངའ་སྡེའི་ནང་ཆ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་ལྟར་སྲིད་གཞུང་གི་ཁྲིམས་འཛིན་ས་ཁུལ་ཁག་ལ་མི་གྲངས་ཉུང་ཤས་འདུ་འཛོམས་ཀྱིས་བསམ་འཆར་བཏོན་ཆོག་གི་ཡོད་ཅེས་པ་ལྟར་བུ་དང་།  ཡང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དང་ཁུན་སི་ལན་ཌི་སོགས་ས་ཁུལ་མང་ཆེ་བར་ཁྱེད་རང་གི་ངོ་རྒོལ་ལས་འགུལ་སྤེལ་ས་ས་གནས་བྱེ་བྲག་པ་འདི་ཡིན་ཞེས་གཏན་འཁེལ་བྱས་པ་དེ་འདྲ་དམིགས་བསལ་མེད། ང་ཚོའི་སེམས་ནང་སྤྱི་ཡོངས་ཀྱི་ཁྲིམས་སྒྲིག་གཞིའི་ནང་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་བསམས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ཁྱོན་དུ་ངོ་རྒོལ་ལས་འགུལ་གྱི་བཅའ་ཁྲིམས་ནི་ས་གནས་སོ་སོར་མི་འདྲ་བ་མི་འདྲ་བ་ཡོད་པ་དང་། དེ་ཡང་ངོ་རྒོལ་ལས་འགུལ་གྱི་བཅའ་ཁྲིམས་ནི་གཞི་རྒྱ་ཆེ་བ་དང་ཁ་གསལ་ལ་མི་གསལ་ཞིག་ཡིན་འདུག

ཁུན་སི་ལན་ཌི་དང་ནུབ་ཕྱོགས་མངའ་སྡེ་བཅས་ལ་ཆ་མཚོན་ན་གཏེར་ཁ་སྔོག་འདོན་གྱི་བཟོ་བསྐྲུན་ལས་གཞི་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད་པ་དེས་ས་གནས་མི་མང་གི་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་པས། མངའ་སྡེ་དེ་དག་ནང་ངོ་རྒོལ་ལས་འགུལ་གྱི་ཁྲིམས་གཞི་ཧ་ཅང་དམ་པོ་ཡོད་པ་རེད།

ཁྱེད་རང་ངོ་རྒོལ་ལས་འགུལ་ནང་ཞུགས་པ་ཙམ་གྱིས་ཉེས་ཆད་གཅོད་ཀྱི་མེད་ཀྱང་། གལ་སྲིད་ངོ་རྒོལ་ལས་འགུལ་སྐབས་ཁྱེད་རང་གིས་ངོས་ལེན་བྱེད་ཐབས་བྲལ་བའི་བྱ་སྤྱོད་སྤེལ་ཚེ་ཉེས་ཆད་ཕོག་སྲིད་ཀྱི་ཡོད།

དགེ་རྒན་ཆེན་པོ་ལུ་ཁེ་མཱ་ནཱ་མཱ་རཱ་ Luke McNamara ལགས་ཀྱིས་དེའི་སྐོར་འགྲེལ་བརྗོད་གནང་དོན།

ངོ་རྒོལ་ལས་འགུལ་སྐབས་གལ་སྲིད་མི་གཞན་ལ་གནོད་འཚེ་བཏང་བ་དང་། རྒྱུ་དངོས་ལ་གཏོར་བཤིག་བཏང་བ་སོགས་བྱས་ཚེ་ངོས་ལེན་བྱེད་ཐབས་བྲལ་བ་རེད། འོ་ན་ངོས་ལེན་བྱེད་ཐུབ་པའི་ངོ་རྒོལ་ལས་འགུལ་ག་རེ་རེད་ཅེས་དྲིས་པ་ཡིན་ན་དེ་ནི་དྲི་བ་ཚད་མཐོ་པོ་ཞིག་རེད། ལས་འགུལ་སྐབས་བྱ་སྤྱོད་དེ་ཚོ་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་བརྟག་དཔྱད་བྱེད་ཀྱི་ཡོད། དང་ལེན་བྱེད་ཐུབ་པའི་ངོ་རྒོལ་གྱི་ལས་འགུལ་ལ་ཁྲོམ་སྐོར་དང་།  མར་བསྡད་ནས་ངོ་རྒོལ་བྱེད་པ། བྱེད་སྒོ་གཞན་དག་ག་རེ་ཡིན་རུང་གཙོ་བོར་ཉེན་རྟོག་པས་ཁྲིམས་མཐུན་ལུགས་མཐུན་ཡིན་མིན་བརྟག་དཔྱད་བྱེད་ཀྱི་རེད་ཅེས་གསུངས་འདུག

ངོས་ལེན་བྱེད་ཐུབ་པའི་བྱ་སྤྱོད་ནི་གཙོ་བོར་ཁྱེད་རང་གི་ངོ་རྒོལ་ལས་འགུལ་སྐབས་བྱ་སྤྱོད་གང་འདྲ་བསྟན་ཡོད་མེད་ལ་རག་ལུས་ཡོད།

རྒྱལ་སྤྱིའི་ཉེས་ཡངས་ལས་འགུལ་བ་ནེ་ཁེ་ཏ་ཝི་ཊི་ Nikita White ལགས་ཀྱིས་ངོ་རྒོལ་ལས་འགུལ་སྐབས་ཉེན་རྟོག་པས་ཁྱེད་ཀྱི་གཟུགས་པོའི་སྟེང་དུ་གནོད་འཚེ་གཏོང་བྱེད་ཀྱི་ལག་ཆ་གང་ཡང་རུང་བ་རྙེད་མི་རུང་ཞེས་གསུངས་འདུག

ཁོ་མོས་ངོ་རྒོལ་ལས་འགུལ་སྐབས་འཕྲད་དར་དེ་འདྲ་འཁྱེར་ཆོག་གི་རེད་ལ། ངོ་རྒོལ་ལས་འགུལ་དང་འབྲེལ་བའི་སྒྱུར་རྩལ་པར་རིས་དེ་འདྲ་ཡང་འཁྱེར་ཆོག ཡིན་ན་ཡང་མཚོན་ཆའི་རིགས་འཁྱེར་རྒྱུར་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་རེད། དཔེར་ན་གྲི་དང་རྣོ་པོའི་རིགས་རྩ་བ་ནས་འཁྱེར་མི་རུང་ཞེས་གསུངས་འདུག

མཚམས་རེར་མི་ཚོས་ཁྲོམ་གཞུང་དུ་ངོ་རྒོལ་བྱེད་ནས་འགྲོ་ལམ་བཀག་པའམ་འགོག་རྐྱེན་བཟོ་བཞིན་ཡོད། དེ་ནི་སྲིད་གཞུང་ལ་གནོན་ཤུགས་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད། དེ་ལ་དཔག་པའི་ལས་འགུལ་བཀག་བསྡོམས་བྱེད་ཐབས་གསར་པ་སྤྱོད་སྲིད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་ངོ་རྒོལ་ལས་འགུལ་གྱི་རིགས་གང་འདྲ་ཞིག་སྤེལ་རྒྱུ་ཡིན་ཡང་། ཁྲིམས་མཐུན་ཆོག་མཆན་ཐོབ་རྒྱུ་གལ་ཆེན་པོ་ཆགས་ཡོད།

གལ་སྲིད་ཁྱེད་རང་གིས་ཁྲོམ་གཞུང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་ཚེ་ཉེན་རྟོག་ལས་འགུལ་དང་ཡང་ན་ས་གནས་སྲིད་གཞུང་ལ་ཆོག་མཆན་སྙན་ཞུ་འབུལ་དགོས་པ་ཡིན། ས་གནས་མང་ཆེ་བར་ཆོག་མཆན་སྤྲོད་ཀྱིི་ཡོད།

དགེ་རྒན་ཆེན་པོ་ལུ་ཁེ་མཱ་ནཱ་མཱ་རཱ་ Luke McNamara ལགས་ཀྱིས་དེའི་སྐོར་འགྲེལ་བརྗོད་གནང་དོན།

གལ་སྲིད་ཁྱེད་རང་གི་ངོ་རྒོལ་ལས་འགུལ་དེ་ཆོག་མཆན་ཐོབ་ཡོད་ན་མ་གཏོགས་མཚམས་རེར་ཉེན་རྟོག་པས་ཁྱེད་རང་གི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་བཅུག་ཆོག་པའི་དབང་ཚད་ཡོད་པ་རེད། ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཐོབ་ཚེ་ཁྲོམ་གཞུང་དང་སྲང་ལམ་དུ་འགྲིམ་འགྲུལ་བཀག་བསྡོམས་དང་ཉེན་རྟོག་པས་ཁྱེད་རང་གི་ལས་འགུལ་ཉེན་སྲུང་ཡང་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཆོག་མཆན་ཐོབ་ཟིན་པའི་ངོ་རྒོལ་ལས་འགུལ་ལ་ཉེན་རྟོག་པས་ཐེ་ཇུས་མི་བྱེད་པ་དང་འགོག་རྐྱེན་མི་འཕྲད་པའི་སྲུང་སྐྱོབ་ཀྱང་བྱེད་ཀྱི་ཡོད། ཡིན་ན་ཡང་ད་དུང་ཉེན་རྟོག་པ་རྣམས་ངོ་རྒོལ་ལས་འགུལ་ནང་ཞུགས་ནས་རྟོགས་ཞིབ་བྱེད་ཆོག་གི་ཡོད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ལས་འགུལ་བ་ནེ་ཁེ་ཏ་ཝི་ཊི་ Nikita White ལགས་ཀྱིས་འགྲེལ་བརྗོད་གནང་དོན།

ཨོ་སི་ཊོ་ལི་ཡའི་ནང་གལ་སྲིད་ཁྱེད་རང་ངོ་རྒོལ་ལས་འགུལ་སྤེལ་བར་འགྲོ་སྐབས་ཉེན་རྟོག་པས་སྲུང་སྐྱོབ་བྱེད་པའི་རེ་བ་ཡོད། མ་ཚད་ཁོང་ཚོ་ཡང་ལས་དོན་ཆེད་ལས་འགུལ་ནང་མཉམ་དུཡོང་ནས་ཁྱེད་རང་གི་ངོ་རྒོལ་ལས་འགུལ་ལ་རོགས་རམ་དང་ཁྱེད་རང་གི་ལས་འགུལ་སྤེལ་བཅུག་གི་ཡོད། གལ་སྲིད་ནོར་འཁྲུལ་དེ་འདྲ་ཤོར་སྐབས་ཁྲིམས་རྩོད་པ་དེ་འདྲ་འཚོལ་ན་ཁོང་ཚོས་ཁྱེད་རང་ལ་ཕོག་པའི་ནག་ཉེས་འགྲེལ་བརྗོད་དང་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དོན་ལྟེ་གནས་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ནིའུ་སའོ་ཐི་ཝལ་མངའ་སྡེའི་སྤྱི་དམངས་གུ་ཡངས་ཚོགས་པ་སོགས་ཚོགས་སྡེ་ཁག་གིས་ཨོ་སི་ཊོ་ལི་ཡ་ཁྱོན་དུ་ངོ་རྒོལ་ལས་འགུལ་སྤེལ་སྟངས་དང་ལས་འགུལ་སྤེལ་སྐབས་ཀྱི་ཁྲིམས་སྒྲིག་གཞི་སྐོར་ཁོང་ཚོས་འགྲེལ་བརྗོད་དང་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད།

Share