ཨོ་གླིང་ནོར་སྲིད་བློན་ཆེན་གྱིས་ཕྱི་ལོ་ ༢༠༢༤ ལོའི་དངུལ་རྩིས་གསལ་བསྒྲགས་གནང་བ།

FEDERAL BUDGET 2024

Federal Treasurer Jim Chalmers before handing down the 2024-25 Budget in the House of Representatives at Parliament House in Canberra, Tuesday, May 14, 2024. (AAP Image/Mick Tsikas) NO ARCHIVING Source: AAP / MICK TSIKAS/AAPIMAGE

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡ་གཞུང་གི་ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ལོ་རྗེས་མའི་ལོ་འཁོར་གྱི་རྒྱལ་ཡོངས་དཔལ་འབྱོར་འཆར་རྩིས་དང་འཆར་དངུལ་ལྷག་མ་ཐོན་པ་བསྟུད་མར་ཐེངས་གཉིས་པ་དེ་གསལ་བསྒྲགས་གནང་འདུག འདི་ནི་ཕྱི་ལོ ༢༠༠༨ ལོའི་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་བྱུང་བ་ནས་གནས་ཚུལ་ཐོག་མ་དེ་ཆགས་ཡོད།


གྲོས་ཚོགས་འཐུས་མིའི་དྲུང་ཡིག་གིས་ཇིམ་ཆལ་མཱར་སི་ཡི་ཕྱི་ལོ ༢༠༢༤ ནས ༢༠༢༥ ལོའི་སྔོན་རྩིས་ཀྱི་སྐོར་ལ་ལས་དོན་འགོ་འཛུགས་བྱས་ཡོད་འདུག 

ཁོང་གིས་དངུལ་རྩིས་འདི་ནི་ད་ལྟ་དང་མ་འོངས་པ། འབྱུང་འགྱུར་གྱི་ལོ་རབས་མང་པོའི་ཆེད་དུའང་ཡིན་པའི་སྔོན་རྩིས་ཤིག་རེད། འདི་ནི་ད་ལྟའི་གནོན་ཤུགས་འོག་གི་མི་རྣམས་ལ་རོགས་རམ་བྱེད་མཁན་གྱི་འགན་འཁྲི་ཅན་གྱི་སྔོན་རྩིས་ཤིག་ཡིན་པར་མ་ཟད། ང་ཚོས་མཉམ་འབྲེལ་གྱིས་སྐྲུན་ཐུབ་པའི་ཕུགས་བསམ་དང་འབྱུང་འགྱུར་གྱི་ནུས་པ་ལ་མ་དངུལ་གཏོང་བ་ཞིག་ཀྱང་རེད་ཅེས་གསུངས་འདུག

ཁོང་གིས་ད་ལྟ་འཛམ་གླིང་གིས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་འགྲེལ་བརྗོད་གནང་སོང་། 

ཁོང་གིས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ནི་ཉམ་ང་བ་དང་འཇིག་སླ་བའི་གནས་སུ་ལྷུང་ཡོད། འཛམ་གླིང་གི་དཔལ་འབྱོར་ཕྱོགས་འགའ་ཤས་ནས་སླར་གསོ་ཐུབ་ཀྱང་སྤྱི་ཡོངས་ནས་གནས་སྟངས་རྒྱུན་ལྡན་ཞིག་ཆགས་ཐུབ་མེད། བྱང་ཨ་རིའི་ནང་དུ་དངུལ་སྒོར་གྱི་སྐྱེད་ཀ་འཕར་ཚད་མུ་མཐུད་གནས་བཞིན་ཡོད་ལ། རྒྱ་ནག་དང་ཡུ་རོབ་ཀྱི་ནང་དུ་དཔལ་འབྱོར་འཕེལ་རྒྱས་དལ་དུ་འགྲོ་བཞིན་ཡོད།

དབུས་ཤར་ཁུལ་དང་ཡུ་ཁེ་རན་བཅས་ཀྱི་ནང་ཛ་དྲག་གི་གནས་སྟངས་ཇེ་ཆེར་སོང་བ་དང་། གནས་སྟངས་འདིས་མི་རྣམས་ཀྱི་འཚོ་བའི་འགྲོ་གྲོན་དང་སྐྱེད་ཀའི་ཚད་མཐོ་བའི་གནོན་ཤུགས་གཉིས་མཉམ་དུ་བསྡེབས་ནས་ང་ཚོའི་དཔལ་འབྱོར་དལ་དུ་གཏོང་བཞིན་ཡོད། དཔལ་འབྱོར་འཕེལ་ཚད་ནི་འདི་ལོའི་ལོ་འཁོར་དཔལ་འབྱོར་གྱི་བརྒྱ་ཆ་གཅིག་དང་བཞི་ཆ་གསུམ་ཙམ་དང་། འབྱུང་འགྱུར་གྱི་ལོར་བརྒྱ་ཆ་གཉིས་ཙམ་ལ་འཕར་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྔོན་རྩིས་དེ་ཡར་ཐོན་གྱི་དཔལ་འབྱོར་ཆེན་པོ་གཞན་དག་ལས་ལྡབ་འགྱུར་གྱིས་མང་བ་འཕར་སྣོན་བྱུང་ཡོད་པ་དང་། སྲིད་འཛིན་གྱི་ལོ་དུས་གཉིས་པ་འདིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དངུལ་སྒོར་གྱི་འཕར་སྣོན་ཡིན་ཞིང་། མ་འོངས་པའི་ནང་དངུལ་རྩིས་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

ཨོ་གླིང་ནོར་སྲིད་ལྷན་ཁང་གིས་ད་ལོ་མཇུག་ཏུ་སྐྱེད་ཀ་འཕར་ཆག་དེ་སྔ་ཙམ་དམིགས་ཚད་ལ་ཕྱིར་ལོག་ཐུབ་པའི་སྔོན་དཔག་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་གཞུང་གིས་འདིའི་སྐབས་ལས་ཀའི་གོ་སྐབས་གསར་པ་བདུན་ཁྲི་བརྒྱད་སྟོང་ཙམ་བསྐྲུན་ཡོད་པ་ནི་སྲིད་གཞུང་གི་ལས་ཡུན་ལོ་དང་པོ་ནང་བྱུང་བའི་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་ཞིག་ཆགས་ཡོད། འདི་ནི་ཡར་ཐོན་གྱི་དཔལ་འབྱོར་རྒྱལ་ཁབ་གཞན་ལས་ལས་ཀའི་འཕེལ་ཚད་མཐོ་བ་ཆགས་ཡོད་ཅེས་གསུངས་འདུག

ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་མི་རྣམས་རང་ཁྱིམ་གྱི་འཚོ་བའི་འགྲོ་གྲོན་འཕར་བ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་བཅས་ལ་གདོང་ལེན་ཤུགས་ཆེ་བྱེད་དགོས་ཀྱི་ཡོད་པར་ངོས་ལེན་བྱས་ཡོད།

གཞུང་གིས་ཨ་སྒོར་དུང་ཕྱུར་དྲུག་ལྷག་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་གཏོང་བ་དང་། ད་དུང་ཨ་སྒོར་དུང་ཕྱུར་གཅིག་ལྷག་མངའ་སྡེ་དང་ས་ཁུལ་སོ་སོར་ཁང་པ་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་གཏོང་རྒྱུ། མ་ཚད་ཁང་གླ་གཏོང་མཁན་ལ་རོགས་སྐྱོར་ལྷག་མ་ཡང་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ཁོང་གིས་ཁང་གླ་མཐོན་པོ་ཆགས་པ་ནི་དངུལ་སྒོར་འཕེལ་རྒྱས་ཀྱི་དཀའ་ངལ་གཞན་ཞིག་རེད། ང་ཚོས་རོགས་རམ་མཁོ་བའི་ཁང་གླ་སྤྲོད་མཁན་ལ་རོགས་རམ་བྱེད་བཞིན་ཡོད། ང་ཚོས་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་གཏོང་བཞིན་ཡོད། དེ་ནི་ང་ཚོའི་སྔོན་རྩིས་སྔོན་མ་ལས་བརྒྱ་ཆ་བཅོ་ལྔ་སྤར་ཡོད་ལ། ད་དུང་ཡང་བརྒྱ་ཆ་བཅུ་མཐོ་རུ་གཏོང་རྒྱུ་ཡིན་ཅེས་གསུངས་འདུག

གཞུང་གིས་མ་འོངས་པའི་ལོ་བཞིའི་ནང་དུ་ཨ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་ལྔའི་མ་རྩའི་རྨང་གཞི་འཛུགས་སྐྲུན་བྱེད་པའི་འཆར་གཞི་གཉིས་པ་བཏིང་ཡོད་འདུག་པ་དང་། འདི་ནི་ལོ་བཅུའི་རིང་ལ་ཨ་སྒོར་ཐེར་འབུམ་བཅུ་དྲུག་དང་དུང་ཕྱུར་ལྔའི་འགྲོ་གྲོན་གཏོང་རྒྱུའི་འཆར་གཞིའི་ཆ་ཤས་ཤིག་ཡིན་འདུག 

དེ་ཡང་ཁུན་སི་ལན་ཌིའི་ཉི་མའི་འོད་ཟེར་མཚོ་འགྲམ་ནས་ཐད་ཀའི་མེ་འཁོར་ལྕགས་ལམ་གཉིས་པ་དང་། མེལ་བྷོན་གྱི་བྱང་ཤར་མཐུད་མཚམས་གཉིས་པ། ནུབ་ཕྱོགས་མངའ་སྡེའི་མེ་འཁོར་ལྕགས་ལམ་གཉིས་པ་བཅས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་གཏོང་རྒྱུ་ཡིན་འདུག

ཡང་གཞུང་གིས་སྨན་བཅོས་ཞབས་ཞུའི་ཡར་རྒྱས་གཏོང་བའི་ཆེད་དུ་ཨ་སྒོར་དུང་ཕྱུར ༢༨ གཏོང་རྒྱུ་དང་། དེའི་ནང་དུ་ཕྱི་རྒྱལ་ནས་ཡོང་བའི་འཕྲོད་བསྟེན་ཆེད་ལས་པ་རྣམས་ཨོ་སི་ཁྲུ་ལི་ཡར་ལས་ཀ་བྱེད་བདེ་བའི་ཆེད་དུ་ཨ་སྒོར་ས་ཡ་ ༩༠ གཏོང་རྒྱུ་ཡང་ཚུད་ཡོད་འདུག

ཁོང་གིས་བཀུར་འོས་ཚོགས་གཙོ་མཆོག ང་ཚོའི་རྒྱལ་ཁབ་ཀྱི་ཆེས་ལེགས་ཤིང་གལ་ཆེ་བའི་ཁྱད་ཆོས་གཅིག་ནི། ང་ཚོས་ཕན་ཚུན་ལ་ལྟ་རྟོག་དང་ལྟ་སྐྱོང་བྱེད་ཚུལ་དེ་རེད། ང་ཚོའི་འཕྲོད་བསྟེན་མ་ལག་དང་ལྟ་སྐྱོང་དཔལ་འབྱོར་ལམ་ལུགས་ནི་དེའི་ནང་ལྟེ་བ་ཞིག་ཡིན། རྒྱུ་མཚན་གཉིས་པ་དེའི་ཕྱིར་སྔོན་རྩིས་འདིའི་ནང་ང་ཚོས་སྨན་བཅོས་བདེ་སྲུང་དང་སེམས་ཁམས་འཕྲོད་བསྟེན་སྲ་བརྟན་དུ་གཏོང་རྒྱུ། རྒན་གསོའི་ལྟ་སྐྱོང་ལེགས་པོ་དང་བརྟན་པོར་བཟོ་བ། རྒྱལ་ཡོངས་འཕྲོད་བསྟེན་མ་ལག་དྲང་བདེན་དང་ཕུགས་བརྟན་ཅན་དུ་བཟོ་བ། ལྟ་སྐྱོང་མ་དངུལ་ནང་གླ་ཕོགས་སྤར་རྒྱུ་བཅས་ཚུད་ཡོད་ཅེས་གསུངས་འདུག

Share