གདོད་མའི་མི་རིགས་དང་ཁོང་ཚོ་གནས་སྡོད་བྱེད་སའི་ས་གཞི་དབར་གྱི་འབྲེལ་བ་འཚོལ་བ།

E_RAP_LANDCONNECT_AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་ཊི་གླིང་ཕྲན་གྱི་མི་རྣམས་ཁོང་ཚོའི་ངོ་རྟགས་དང་། འཚོ་བ་སྐྱེལ་སྟངས། བདག་ཐོབ་ཀྱི་འདུ་ཤེས་སོགས་ལས་ཁོང་ཚོ་དང་ཁོང་ཚོ་གནས་སྡོད་བྱེད་སའི་ས་གཞི་དབར་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། ས་ཆ་དེ་ནི་ཁོང་ཚོའི་མེས་པོ་ཚོའི་ཁང་པ་དང་། ཁོང་ཚོ་འཚོ་གནས་བྱེད་སའི་རྨང་གཞི། འདས་ཟིན་པའི་ཁོང་ཚོའི་ལོ་རྒྱུས་བདག་ཉར་བྱས་པ་བཅས་མཚོན་ཡོད།


ཨ་ཅག་དྷེ་དྷར་མར་ཊིན་ Deidre Martin ལགས་ནི་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་ནང་གསེས་ཡུ་ཨིན་ Yuin དང་དེའི་ནང་གསེས་ཝལ་བྷན་ཇ་ Walbanga ཡི་བུད་མེད་ཅིག་རེད། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རྒྱལ་ཡོངས་སྤྱི་གླིང་དང་བདག་མེད་སེམས་ཅན་སྲུང་སྐྱོབ་ས་ཁུལ་སོགས་སུ་དེ་སྔོན་གདོད་མའི་མི་རིགས་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་དང་ལས་དོན་མང་པོ་ཞིག་མངོན་གསལ་དོད་པོས་འཚོལ་རྙེད་ཐུབ་ཀྱི་ཡོད་པ་དེས་ཁོ་མོར་སེམས་ཚོར་མ་འདྲ་བ་ཞིག་སྦྱིན་གྱི་ཡོད་འདུག

ཁོ་མོས་ས་གཞི་ནི་བདག་ཏུ་བཟུང་རྒྱུ་ཞིག་མ་ཡིན་པར། དེ་ལ་དགའ་ཞེན་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ང་རང་ཉིད་ལ་མཚོན་ན་ས་ཆ་ནི་ནམ་ཡང་བདག་ཏུ་བཟུང་རྒྱུ་ཞིག་མ་ཡིན་པར། ང་ཚོ་ཚང་མས་ས་ཆ་འདིར་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོའི་རྒྱལ་ཁབ་གནས་སའི་ས་གཞི་འདིས་ང་ཚོ་ལ་ཟས་གོས་དང་། འཐུང་ཆུ། སྡོད་གནས་སོགས་ཀྱི་སྤྲོད་ཀྱི་ཡོད་པ་རེད། ས་ཆ་ནི་ཐ་སྙད་ཅིག་རེད། ཡིན་ན་ཡང་དེ་ང་ཚོའི་ཁྲག་རྒྱུན་དུ་བཞུར་གྱིན་ཡོད་པ་རེད། དེ་ནི་ང་ཚོའི་ཚེ་སྲོག་ཐོག་མ་སྦྱིན་མཁན་དེ་རེད་ལ་ཚེ་སྲོག་མཐའ་མ་ཡང་མཇུག་སྒྲིལ་ས་དེ་རེད་ཅེས་གསུངས་འདུག

གདོད་མའི་མི་རིགས་དང་ཁོང་ཚོའི་ས་ཆ་དབར་གྱི་འབྲེལ་བ་དེ་ཧ་ཅང་གཏིང་ཟབ་མོ་ཡིན། ཁོང་ཚོའི་གནས་སྡོད་བྱེད་སའི་ས་ཆ་དང་ཁོང་ཚོའི་སེམས་ནང་གི་འབྲེལ་བ་བསམ་པའི་འཁྱེར་སོ་དེ་མིང་ཚིག་ལས་བརྒལ་བའི་དོན་སྙིང་ཅན་ཞིག་ཡིན།

ཁྱེད་རང་གི་ལུང་པ་དེར་དགའ་ཞེན་དང་འབྲེལ་བ་དེ་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་པ་རེད།  ང་རང་སིཌ་ནིང་ནས་ནང་ལ་ལོག་སྐབས་གང་མགྱོག་མགྱོག་ཁེ་མཱ་བྷན་ཌི་ Kiama bend བརྒྱུད་ནས་ཡོང་གི་ཡོད། ངས་མཚོ་འགྲམ་དེ་ཚོར་བལྟ་སྐབས་ས་ཆ་དེ་ཚོ་སོ་སོ་དང་སེམས་ཐག་ཇེ་ཉེར་ནས་ཇེ་ཉེར་འགྲོ་བཞིན་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག ངའི་བསམས་པར་ང་རང་རང་ཁྱིམ་ལ་སླེབས་པ་ལྟར་བུ་ཞིག་ཚོར་བ་ཞིག་ཡོང་གི་འདུག་ཅེས་གསུངས་འདུག

ཌེ་སི་མོན་ཌི་ཁེམ་བྷེལ་ Desmond Campbell ལགས་ནི་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ས་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་ནང་གསེས་ཤིག་རེད། ཁོང་ནི་ད་ལྟའི་ཆར་ Welcome to Country ཞེས་ལུང་པ་འདིར་ཕེབས་པར་དགའ་བསུ་ཞུ་ཞེས་པའི་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ཞིག་རེད། ཁོང་གིས་ཀྱང་ཁོང་གི་ལུང་པ་དེར་ཕྱིར་ལོགས་བྱེད་སྐབས་སུ་ཚོར་བ་གཅིག་མཚུངས་སུ་འགྲེལ་བརྗོད་གནང་འདུག

ཁྱེད་རང་ལམ་ཕྲན་དེའི་སྟེང་ནས་ཡོང་དུས་ཁྱེད་ཀྱིས་རི་བོ་དང་ལྗོན་ཤིང་མཐོང་བ་དང་། དེ་དག་གིས་ཁྱེད་རང་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པ་སྟོན་གྱི་ཡོད་པས། ཁྱེད་ལ་རེ་སྒུག་གི་ཚོར་བ་ཞིག་ཡོད། ཁྱེད་ཀྱིས་དྲི་མ་སྣོམ་རྒྱུ་ཡིན་པ་དང་། བྲོ་བ་མྱོང་རྒྱུ་ཡིན་པ། སུ་ལ་ལྟ་རྒྱུ་ཡིན་པ་སོགས་ཤེས་ཀྱི་ཡོད། ཁྱེད་དང་ནམ་ཡང་ཁ་མི་འབྲལ་བའི་གྲོགས་པོ་འདིས་རེ་སྒུག་གི་ཚོར་བ་ཞིག་སྦྱིན་གྱི་ཡོད་ཅེས་གསུངས་འདུག

ཁོང་གིས་དེ་ནི་ཁྱེད་རང་སུ་ཞིག་ཡིན་པ་དང་ཁྱེད་ལ་བདེ་འཇགས་ཀྱི་ཚོར་སྣང་སྦྱིན་མཁན་གྱི་ས་ཆ་དེ་རེད་ཅེས་གསུངས་འདུག

ལུས་ཀྱི་དབང་པོ་ཐམས་ཅད་ལ་སྤྲོ་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་ཞིག་སྐྱེ་ཡོང་། ང་ཚོ་ས་གནས་དེར་འཚར་ལོངས་བྱུང་བ་མིན་ཡང་། ང་ཚོ་ས་ཆ་དེར་འགྲོ་ཐེངས་རེར་ཁ་སང་རང་གནས་དེར་ཡོད་པ་ལྟར་གྱི་ཚོར་སྣང་ཞིག་སྐྱེ་ཡོང་། ས་ཆ་དེ་ང་ཚོ་ལ་རྒྱུས་མངའ་ཆེན་པོ་ཡོད་པས། ང་ཚོར་བདེ་འཇགས་ཀྱི་ཚོར་སྣང་ཞིག་ཡོད། ང་ཚོ་ས་ཆ་ཞིག་ལ་སླེབས་པ་ལྟར་དུ་ཚོར་སྣང་སྐྱེ་ཡོང་གི་འདུག ས་ཆ་དེར་ང་ཚོ་རང་ཉིད་གཞིས་ཆགས་ཡུལ་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་བཤད་ཐུབ་ལ། གཞན་གྱིས་ང་ཚོས་ཅི་ཞིག་བཤད་ཀྱི་ཡོད་པ་ཤེས་ཤིང་། ང་ཚོས་སྐད་ཆ་དེ་གོ་ཐུབ་ཅེས་གསུངས་འདུག

སྐུ་ཞབས་ཁེམ་བྷེལ་ Campbell ལགས་ཀྱིས་རང་གི་ཕ་མེས་ཀྱི་ཡུལ་དུ་ཡང་ཡང་ལོག་རྒྱུ་ནི་རང་གི་རིག་གནས་དང་སྐད་རིགས་སྲུང་སྐྱོབ་ཁོ་ན་ཙམ་གྱི་ཆེད་དུ་མ་ཡིན་པར། སེམས་ཀྱི་དགའ་ཚོར་དང་འབྲེལ་བ་ཟབ་མོ་ཞིག་ཞིག་ཆེད་དུ་ཡིན་ཞེས་གསུངས་འདུག

འབྲེལ་ལམ་དེས་ཁོང་ལ་རང་གི་ཚོགས་པ་དེ་ནུས་པ་ལྡན་པའི་སྒོ་ནས་སྣེ་ཁྲིད་བྱེད་པའི་སྤོབས་པ་སྦྱིན་གྱི་ཡོད་འདུག

དེས་ངའི་སེམས་ཤུགས་འཕར་བ་བྱེད་པ་དང་། དེས་ང་ལ་སིཌ་ནི་ལྟ་བུའི་ས་ཆ་ཞིག་ཏུ་འཚོ་བ་སྐྱེལ་རྒྱུ་དང་། ལུང་པ་འདིར་ཕེབས་པར་དགའ་བསུ་ཞུ་ཞེས་པའི་ཚོགས་པ་འདི་ལྟར་བུ་ཞིག་གི་ནང་ལ་ལས་ཀ་བྱེད་རྒྱུའི་གོ་སྐབས་སྤྲོད་ཀྱི་འདུག ལུང་པ་འདིར་ཕེབས་པར་དགའ་བསུ་ཞུ་བའི་སྡིང་ཆ་འདིའི་ཐོག་ནས་ང་ཚོས་ཨོ་སི་ཊོ་ལི་ཡའི་ཡུལ་གྲུ་འདྲ་མིན་གྱི་རིག་གཞུང་དང་སྐད་ཡིག་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་ངས་འགོ་ཁྲིད་བྱེད་ཐུབ་དགོས་ན། ངས་རང་གི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པར་མ་ཟད། རང་ཚུགས་བརྟན་པོ་ཡང་འཛིན་དགོས་ཀྱི་འདུག ངས་དེ་ལྟར་སྒྲུབ་ཐུབ་པར་དུས་ནས་དུས་སུ་ཕ་ཡུལ་ལ་ལོག་དགོས་པ་དེ་རེད་ཅེས་གསུངས་འདུག

སྐུ་ཞབས་ཁེམ་བྷེལ་ལགས་ཀྱིས་ཁོང་ཉིད་ཕ་ཡུལ་གྱི་ས་ཆ་དང་འབྲེལ་བའི་སེམས་བློའི་འདུ་ཤེས་ཀྱི་འབྲེལ་བ་དེ་ཆུང་དུས་སུ་ཕ་མེས་ཚོས་ཁོང་ལ་བཤད་པའི་སྒྲུང་ལས་བྱུང་བ་དང་། སྒྲུང་དེ་དག་གི་ནང་དུ་ས་གཞིའི་སྐོར་གྱི་ཤེས་བྱ་དང་བསླབ་བྱ་གལ་ཆེན་ཡང་མང་པོ ཞིག་འདུས་ཡོད་པར་འགྲེལ་བརྗོད་གནང་འདུག

Share