རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་ལ་ངོ་རྒོལ་བྱེད་མཁན་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པ།

China Arrests More than 1,000 Tibetans Protesting Chinese Dam Project.jpg

Get the SBS Audio app

Other ways to listen

ཉེ་ཆར་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱེད་རྒྱུ་ཡིན་པར་བརྗོད་ནས་ཁམས་སྡེ་དགེ་ཕྱོགས་ཀྱི་ས་གནས་བོད་མི་མང་པོ་ཡུལ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་བརྟེན། ཟླ་འདིའི་ཚེས་ ༡༤ ནས་བཟུང་ཁམས་སྡེ་དགེའི་མངའ་ཁུལ་འབྲི་ཆུའི་བཞུར་རྒྱུད་དབོན་པོ་སྟོད་ཁུལ་དུ་ཆགས་པའི་དབོན་སྟོད་དགོན་དང༌། ལྷ་འབྲོང་དགོན་པ། ཡེ་ན་དགོན་པ། དགོན་གསར་དགོན་པ། རབ་བརྟན་དགོན་པ་སོགས་དགོན་ཁག་དྲུག་དང༌། མི་དམངས་ཕོན་ཆེན་གྱིས་རྒྱ་གཞུང་ལ་ཞུ་འབོད་རིམ་པ་བྱས་ཀྱང་། རྒྱ་གཞུང་གིས་དང་ལེན་བྱ་མ་བྱས་པས་མ་ཚད་མིང་མང་རྡུང་རྡེག་བཏང་བ་དང་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག


བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་ཐད་ཨ་རི་གཙོས་པའི་འཛམ་གླིང་གི་གཞུང་དང་ཚོགས་པ་མང་པོ་ཞིག་གིས་བློ་འཚབ་ཆེན་པོ་ཡོད་པའི་རྣམ་པ་བསྟན་ཡོད་པ་དང་། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་ཡོད་པའི་བོད་མི་མང་པོ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་རེད། དེ་བཞིན་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཁམས་སྡེ་དགེ་ནང་གི་གནས་སྟངས་དེའི་ཐད་ཛ་དྲག་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས་གནང་འདུག

གསལ་བསྒྲགས་དེའི་ནང་ཁུན་གྱིས་མཁྱེན་གསལ་ལྟར་དེང་སྐབས་རྒྱ་ནག་གཞུང་གིས་བོད་མདོ་ཁམས་སྡེ་དགེའི་དབོན་པོ་སྟོད་ཕྱོགས་ཀྱི་འབྲི་ཆུའི་བཞུང་རྒྱུན་ལ་ཆུ་མཛོད་འཛུགས་སྐྲུན་གྱི་ལས་འཆར་དང་འབྲེལ་ཡུལ་དེ་གའི་དགོན་གྲོང་གཉིས་ཀར་གནས་སྤོ་དགོས་པའི་བཙན་བཀའ་བཏང་བས། སེར་སྐྱ་བརྒྱ་ཕྲག་མང་པོས་དབང་འཛིན་པ་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་ནོར་འཁྲུལ་ཅན་གྱི་ལས་དོན་དེ་དག་མཚམས་འཇོག་དགོས་པའི་ཞུ་འབོད་བྱས་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་ཏེ་བོད་མི་ཧ་ཅང་མང་པོ་འཛིན་བཟུང་བཀག་ཉར་གྱིས་རྡུང་རྡེག་ཚད་མེད་བྱེད་བཞིན་པའི་སྐབས་འདིར། ཡུལ་གྲུ་གང་སར་གནས་པའི་བོད་མིི་ཡོད་དོ་ཅོག་གིས་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱིས་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། དགྲ་བོ་རྒྱ་དམག་གྱིས་བོད་མི་རིགས་རྨང་ནས་འཇོམས་པའི་གཏུམ་སྤྱོད་ཀྱི་སྲིད་བྱུས་དེ་དག་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་གནང་རོགས་ཞེས་བཀོད་འདུག

ཡང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛེ་རཱ་ཛེ་ཡཱ་ Uzra Zeya མཆོག་གིས་རྒྱ་གཞུང་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་ལ་ངོ་རྒོལ་བྱེད་མཁན་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པར་བློ་འཚབ་ཆེན་པོ་ཡོད་པ་དང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་གུས་བརྩི་ངེས་པར་དུ་བྱེད་དགོས་། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་དགོན་པ་དེ་དག་ནི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་བརྒྱ་ཕྲག་མང་པོའི་གདན་ས་ཡིན་པ་མ་ཟད། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རིག་གནས་རྗེས་ཤུལ་ཡོད་པ། བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱས་པར་ཨ་རི་མཉམ་དུ་ཡོད་ཅེས་བྲིས་ནས་ X ཞེས་པའི་དྲ་ཐོག་ཏུ་བཀོད་འདུག

ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁམས་སྡེ་དགེའི་ཁུལ་དུ་ཛ་དྲག་གི་གནས་སྟངས་དེའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གཞུང་གིས་སྡེ་དགེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐྱོན་འཛུགས་ནན་པོ་བྱེད་ཀྱི་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་གཞུང་གིས་འབྲི་ཆུའི་ཆུ་མཛོད་ལས་གཞིར་ཞི་རྒོལ་བྱེད་མཁན་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག གློག་ཤུགས་མེ་གྷ་ཝཱཊ་ ༡༣,༩༢༠ བཏོན་ནུས་ལྡན་པའི་རྩེག་རིམ་ ༡༣ ཅན་གྱི་ཆུ་མཛོད་ལས་གཞི་དེ་མཚམས་འཇོག་ཡོང་བར་དམིགས་ཏེ་སྡེ་དགེ་ཁུལ་གྱི་བོད་མི་ཚོས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ནས་ད་བར་ཞི་རྒོལ་བྱེད་མུས་ཡིན་འདུག

ཆུ་མཛོད་འཛུགས་སྐྲུན་ལས་གཞི་འདིས་རྐྱེན་པས་དབོན་སྟོད་གྲོང་སྡེ་དང་ཤིས་པ་གྲོང་སྡེ་གཉིས་ཀྱི་བོད་མི་ཉིས་སྟོང་ལྷག་བཙན་དབང་གིས་གནས་སྤོ་དང་། དེ་བཞིན་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁར་མདོ་དགོན། རབ་བརྟན་དགོན། དགོན་གསར་དགོན། བཀྲ་ཤིས་དགོན་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་གཏང་འཆར་ཡོད་འདུག དགོན་སྡེ་དེ་དག་ནང་སྐུ་གདུང་རྩ་ཆེན་རིགས་མང་པོ་ཡོད་པ་དང་། ལྷག་པར་དབོན་སྟོད་དགོན་གྱི་ལྡེབས་རིས་ནི་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གང་མགྱོགས་གློད་གྲོལ་གཏོང་དགོས་པ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ཉིད་འཕྲལ་དུ་མཚམས་འཇོག་དགོས་པ། ས་གནས་སུ་ལས་འཆར་ཇི་འདྲ་ཞིག་སྤེལ་རུང་མང་ཚོགས་ཀྱི་འདོད་པ་དང་རེ་བ་གཙོ་བཟུང་དགོས་པ་ནན་བརྗོད་ཞུ་ཡི་ཡོད་ཅེས་བཀོད་འདུག 

ཡང་བོད་ནང་གི་གནས་སྟངས་དེའི་ཐད་ཨོ་གླིང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བསྒྲགས་གཏམ་ནང་། རྒྱ་གཞུང་གིས་ཡང་ང་སྙིང་རྗེ་མེད་པའི་བྱེད་སྟངས་དེར་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཏེ་མི་ལ་ལའི་ཁ་ནས་ཁྲག་བསྐྱུགས་པ་སོགས་ཚེ་སྲོག་ལའང་ཉེ་ཁ་ཧ་ཅང་ཆེན་པོ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཡུལ་དངོས་ནས་བརྙན་ལེན་མཁན་ཞིག་གིས་བརྙན་ལེན་བཞིན་དུ་བརྗོད་པ་བརྙན་ཞིག་གི་ནང་ནས་གསལ་པོ་ཐོས་རྒྱུ་འདུག 

རྒྱ་གཞུང་གིས་ལས་བྱེད་པ་དང་བདེ་འཇགས་མི་སྣ་ཕོན་ཆེན་ཞིག་ས་གནས་དེར་འབྱོར་ཟིན་པ་དང་། མང་པོ་ཞིག་ལམ་ནས་ཡོང་བཞིན་པའི་གནས་ཚུལ་སོགས་ཧ་ཅང་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དེར་བློ་འཚབ་ཆེན་པོའི་ངང་ནས་ཡུལ་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཞུ།

སྤྱིར་རང་བྱུང་ཁོར་ཡུག་གང་བྱུང་གཏོར་བརླག་དང་། ལྷག་པར་དུ་འཛམ་གླིང་གི་ཆུ་ཆེན་རིང་ཤོས་ཨང་གསུམ་པ་དང་། ཨེ་ཤེ་ཡའི་ཆུ་ཆེན་རིང་ཤོས་ཨང་དང་པོ། མི་འབོར་ས་ཡ་མང་པོའི་འཚོ་བའི་རྟེན་གཞིར་གྱུར་པ། འཛམ་གླིང་དུ་མཚན་སྙན་ཀྱི་གྲགས་པ་འབར་བའི་ཆུ་བོ་ཆེན་པོ་འདིའི་འབབ་རྒྱུན་དུ་འདི་ལྟ་བུའི་འཛུགས་སྐྲུན་རྒྱུན་མ་ཆད་པར་བྱེད་པའི་ལས་གཞི་འདིའི་རིགས་ནི་བོད་གངས་ཅན་པ་ཙམ་མ་ཟད་ཨེ་ཤེ་ཡ་ཡོངས་དང་། འཛམ་བུ་གླིང་སྤྱི་ལའང་ཉེན་ཚབས་ཆེ་བའི་གནད་དོན་གལ་ཆེན་ཞིག་ཡིན་སྟབས། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་དང་། མི་སྒེར་སོགས་ཡོད་དོ་ཅོག་གིས་ནུས་པ་མཉམ་དུ་སྤུངས་ཏེ་རྒྱལ་སྤྱིའི་དབུ་ཁྲིད་ཁག་ལ་ཞུ་འབོད་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་ལས་འགུལ་གང་མང་ཅི་ནས་ཀྱང་གནང་རྒྱུར་ཛ་དྲག་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

ཡང་ཁམས་སྡེ་དགེ་ནས་ཡིན་པའི་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་ཁམས་སྡེ་དགེའི་ཁུལ་དུ་གནས་ཚུལ་གསར་པ་ཁག་ཅིག་སྤེལ་འདུག་པའི་ནང་། ན་ནིང་ ༢༠༢༣/༡༠/༢༣ ཉིན་འཇོ་མདའ་རྫོང་དབོན་སྟོད་ཤང་ཁོངས་ཀྱི་འབྲི་ཆུ་ནུབ་རྒྱུད་ཀྱི་སྡེ་དགེ་མང་ཚོགས་ཀྱི་སྐུ་ཚབ་མི་གྲངས་ ༡༠༠ ཙམ་འཇོ་མདའ་རྫོང་དུ། འབྲི་ཆུ་བཀག་ནས་གློག་ཁང་གསར་རྒྱག་གི་ལས་གཞི་གཏན་ནས་མ་སྤེལ་རོགས་ཞེས་པའི་རེ་ཞུ་བྱེད་མཁན་སོང་ཡོད་འདུག

སྐབས་དེར་རྫོང་་གི་ལས་བྱེད་པས་ཁོང་ཚོ་དེ་ལྟར་ཡོང་གི་ཡོད་པ་ཧ་གོ་ནས། ལམ་བར་གྱི་ཐང་ཕུག་ཞེས་པའི་ས་གནས་སུ་ཁོང་ཅག་བཀག་སྟེ། ཁོང་ཚོའི་འཐུས་མི་ ༨ ཙམ་འཇོ་མདའ་རྫོང་ལ་འབོད་འགུག་གིས། ཁྱེད་རང་ཚོ་འདི་ལྟར་འཇོ་མདའ་རྫོང་ལ་མ་འགྲོ་མ་གཏོགས། ཉེན་འཚབ་ཆེན་པོ་ཆགས་ཀི་རེད། ད་ཆར་ལས་གཞི་འདི་འདྲ་ཞིག་སྤེལ་ཀི་རེད་ལབ་ནས་གཏན་ཁེལ་པ་ཅིའང་ཡོད་མ་རེད། ཁྱེད་རང་ཚོ་མར་རང་ཁྱིམ་དུ་ལོག་སོང་དང་དགའ་གི་རེད་ཅེས་པ་སོགས་ཀྱི་ཉེན་བརྡ་བཏང་ནས་མི་མང་རྣམས་ཕྱིར་རང་གནས་སུ་ལོག་བཏང་ཡོད་འདུག་ཅེས་འགྲེལ་བརྗོད་གནང་འདུག

Share