ཚེ་སྲོག་ཤོར་མཁན་ཉེན་སྲུང་མི་སྣ་དེ་དྲན་གསོ་ཆེད་ཁྲག་ཞལ་འདེབས་ཀྱི་ལས་འགུལ།

Bags of donated blood hanging in processing facility of blood bank

Credit: Elke Meitzel/Getty Images/Image Source

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་ཁ་ཆེའི་གཞོན་སྐྱེས་མཐུན་ཚོགས་ Ahmadiyya Muslim Youth ཞེས་པ་དེས་རྒྱ་གྲམ་དམར་པོ་མཐུན་ཚོགས་དང་མཉམ་འབྲེལ་གྱིས་སྤྱི་ཚོགས་ཞི་བདེ་དང་འཆམ་མཐུན་ཆེད་ཁྲག་ཞལ་འདེབས་བསྡུའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད། ལས་འགུལ་དེ་ནི་ཉེ་ཆར་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བྷོན་ཌེ་ Bondi ས་ཁུལ་དུ་ཚོང་ཁང་ཁྲོམ་ར་ཞིག་གི་ནང་མི་ཞིག་གིས་གྲི་གང་བྱུང་བརྒྱབ་ནས་ཉེན་སྲུང་མི་སྣ་གཅིག་གཙོས་པའི་དོན་མེད་མི་དྲུག་དམར་གསོད་བཏང་བར་ཁོང་ཚོ་དྲན་གསོ་དང་མྱ་ངན་ཆེད་དུ་ལས་འགུལ་དེ་སྤེལ་གྱི་ཡོད་འདུག


ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་བྷོན་ཌེ་ཚོང་ཁང་ཁྲོམ་ར་ཞིག་གི་ནང་མི་ཞིག་གིས་གང་བྱུང་གྲིས་བརྒྱབ་ནས་དོན་མེད་མི་ ༦ ཡིས་ཚེ་སྲོག་ཤོར་ཡོད་པ་དང་། དེའི་ནང་ལོ་ན་ ༣༠ ཡིན་པའི་ཧྥ་རཱ་ཛེ་ཋ་ཧར་ Faraz Tahir ཟེར་བའི་ཚོང་ཁང་ར་བ་དེའི་ནང་ཉེན་སྲུང་གི་ལས་ཀ་བྱེད་མཁན་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཁོང་ནི་དེ་སྔོན་ཕ་ཡུལ་དུ་ཉེན་ཁ་ལས་གཡོལ་ཏེ་ཨོ་སི་ཊོ་ལི་ཡར་སྐྱབས་བཅོལ་དུ་འབྱོར་ཡོད་འདུག་པ་དང་། ལས་གནས་དེ་ནི་ཁོ་རང་ཨོ་སི་ཊོ་ལི་ཡར་འབྱོར་བ་ནས་ལས་ཀ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག 

ཨཱ་མཱ་དྷེ་ཡཱ་ཁ་ཆེའི་གཞོན་སྐྱེས་མཐུན་ཚོགས་ནས་ཡིན་པའི་ཤོ་ཨ་བྷེ་ཤམ་ Shoaib Shams ལགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་ཉེན་སྲུང་མི་སྣ་ཧྥ་རཱ་ཛེ་ Faraz ལགས་ཁོང་གིས་ངོ་ཡག་པོ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག 

ཧྥ་རཱ་ཛེ་ཋ་ཧར་ Faraz Tahir ལགས་ནི་ལོ་ ༡ གོང་དུ་ཨོ་སི་ཊོ་ལི་ཡར་ཉེན་གཡོལ་དུ་འབྱོར་བའི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡ་དེ་ཁོ་རང་ཉིད་ཀྱི་ཕ་ཡུལ་གསར་པ་ཞིག་ཆགས་ཡོད། ཁོ་ནི་ང་ཚོ་ཨཱ་མ་དྷེ་ཡཱ་ཁ་ཆེའི་གཞོན་སྐྱེས་མཐུན་ཚོགས་ཀྱི་ཚོགས་མི་ཙམ་མ་ཡིན་པར་ང་ཚོའི་སྤུན་མཆེད་ལྟར་བུ་ཞིག་བརྩི་བཞིན་ཡོད། ཁོ་རང་ལུང་པ་འདིར་འབྱོར་བ་དང་ང་ཚོའི་ཚོགས་པའི་ནང་འཛུལ་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་རང་ང་ཚོའི་དགེ་རྩའི་ལས་འགུལ་མང་པོ་ཞིག་གི་ནང་མཉམ་ཞུགས་བྱེད་བཞིན་ཡོད། ང་ཚོར་རོགས་རམ་ག་དུས་དགོས་ནའང་ཁོ་རང་སླེབས་ཡོང་མཁན་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག 

ཁ་ཆེའི་གཞོན་སྐྱེས་ཚོགས་པ་ནས་ཡིན་ཞིང་། འདས་གྲོངས་སུ་འགྲོ་མཁན་ཧྥ་རཱ་ཛེ་ Faraz ངོ་ཡག་པོ་ཤེས་མཁན་ཁོང་དང་པཱ་ཀེ་སི་ཐན་ནས་ཕ་ཡུལ་གཅིག་པ་ཡིན་པའི་ནཱ་ཝེ་ཌི་ཨ་མེ་ཌི་ Naveed Ahmed ལགས་ཀྱིས་འགྲེལ་བརྗོད་གནང་དོན། 

གནས་ཚུལ་དེ་གོ་དུས་ཧང་སང་སོང་། ཨོ་སི་ཊོ་ལི་ཡ་ལྟར་བུ་ལུང་པ་ཞིག་གི་ནང་གནས་ཚུལ་འདི་འདྲ་ཞིག་ཡོང་གི་རེད་བསམས་པ་སུ་གཅིག་གིས་ཀྱང་བསམ་བློ་འཁོར་གྱི་མ་རེད། ང་རང་ཁོང་དང་རྒྱབ་ལྗོངས་གཅིག་པ་ཡིན་ལ་ཁོང་གང་འདྲ་བྱས་ནས་ཨོ་སི་ཊོ་ལི་ཡར་འབྱོར་ཡོད་མེད་དང་དཀའ་ལས་ག་ཚོད་བརྒྱབ་ཡོད་མེད་ཚང་མ་ངས་ཤེས་ཀྱི་ཡོད། ལུང་པ་འདིས་མི་ཚང་མར་དམིགས་ཡུལ་དང་རེ་བ་བསྐོངས་ཀྱི་ཡོད་རེད། སྟབས་མ་ལེགས་པ་ཞིག་ལ་བྱ་སྤྱོད་དེ་འདྲ་ཞིག་གི་འོག་ནས་ཁོང་གི་མི་ཚེ་དེ་ཐུང་ཐུང་བཏང་བ་རེད་ཅེས་བརྗོད་འདུག 

ཁ་ཆེ་གཞོན་སྐྱེས་མཐུན་ཚོགས་ནས་ཁོ་ཚོའི་གྲོགས་པོ་དང་གཞན་ཚེ་སྲོག་ཤོར་མཁན་རྣམས་མྱ་ངན་དྲན་གསོ་བཅས་ཀྱི་ཆེད་རྒྱ་གྲམ་དམར་པོ་མཐུན་ཚོགས་དང་མཉམ་འབྲེལ་གྱིས་ཁྲག་ཞལ་འདེབས་རྒྱག་གི་ཡོད་པ་དང་། ཁོང་ཚོས་ཞལ་འདེབས་ལས་འགུལ་དེའི་མིང་ལ་ Faraz Gift ཧྥ་རཱ་ཛེ་ཡི་སྦྱིན་པ་ཞེས་འབོད་ཀྱི་ཡོད་འདུག 

ཁར་ལེ་བྷར་ནེ་སི་ལགས་ནི་ཨོ་སི་ཊོ་ལི་ཡའི་རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱི་རྒྱལ་ཡོངས་མཉམ་ལས་འགན་འཛིན་ཞིག་རེད། ཁོ་མོས་ཁོང་ཚོ་ལས་འགུལ་དེའི་ཆ་ཤས་སུ་གྱུར་པར་དགའ་པོ་བྱུང་ཡོད་སྐོར་བརྗོད་འདུག 

བྷོན་ཌེ་ཁུལ་དུ་གནས་ཚུལ་དེ་ལྷག་མ་ཐག་ལས་འགུལ་འདི་འགོ་འཛུགས་བྱས་པ་རེད། ཁ་ཆེའི་གཞོན་སྐྱེས་ཚོགས་པ་ནས་ཁོང་ཚོའི་གྲོགས་པོ་ཧྥ་རཱ་ཛེ་ Faraz གུས་བཀུར་མཚོན་བྱེད་ཁོང་གི་མིང་ཐོག་ནས་ཁྲག་ཞལ་འདེབས་རྒྱག་པའི་ལས་འགུལ་འདི་འདྲ་ཞིག་སྤེལ་རྒྱུ་ཡིན་གསུངས་བྱུང་ཞེས་འགྲེལ་བརྗོད་གནང་འདུག 

ལྕམ་བྷར་ནེ་སི་ Ms Byrnes ལགས་ཀྱིས་བྷོན་ཌེ་ལ་དོན་རྐྱེན་དེ་བྱུང་རྗེས་ཁྲག་མང་པོ་ཞིག་དགོས་ཀྱི་ཡོད་པས་ལས་འགུལ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག 

བྷོན་ཌེ་ལ་དོན་རྐྱེན་དེ་བྱུང་རྗེས་གཟུགས་པོ་རྨས་སྐྱོན་ཕོག་པའི་ནད་པ་མང་པོ་ཞིག་སྨན་བཅོས་སྐབས་སུ་ཛ་དྲག་གི་ཁྲག་ཁ་སྣོན་རྒྱག་དགོས་བྱུང་བ་རེད། དེའི་སྐབས་སུ་གསོག་ཉར་བྱས་པའི་ཁྲག་མང་པོ་ཞིག་བེད་སྤྱོད་བཏང་ཚར་བ་རེད། ཁྲག་ཞལ་འདེབས་དེ་དགོས་མཁོ་ཆེན་པོ་ཆགས་དུས་མི་མང་པོ་ཞིག་གིས་ཁོང་ཚོས་སྒྲུབ་ཐུབ་པ་དེ་ཁྲག་ཞལ་འདེབས་རྒྱག་རྒྱུ་དེ་རེད་ཟེར་ནས་ཁྲག་ཞལ་འདེབས་རྒྱག་མཁན་མང་པོ་ཞིག་སླེབས་བྱུང་། ཁོང་ཚོས་སྤྱི་ཚོགས་ལ་ཞབས་འདེབས་སྒྲུབ་རྒྱུའི་བསམ་བློ་དེ་འདྲ་ཞིག་འཁོར་བ་ནི་ཧ་ཅང་ཡག་པོ་རེད་ཅེས་གསུངས་འདུག

ཁྲག་ཞལ་འདེབས་གནང་མཁན་ཚོས་རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱི་དྲ་ཚིགས་ཐོག་ "Faraz's Gift" ཞེས་པའི་དབྱིན་ཡིག་གི་ཡི་གེ་འདི་འཚོལ་བཤེར་བྱས་ཚེ་ཐོ་འགོད་བྱེད་ས་ཡོད་པ་དང་། དུས་རྒྱུན་ཁྲག་ཞལ་འདེབས་རེ་རེས་མི་ ༣ རེ་ཡི་ཚེ་སྲོག་སྐྱོབ་ཐུབ་ཀྱི་ཡོད་འདུག

Share