ཨོ་སི་ཊོ་ལི་ཡའི་ནང་ཁ་ཟས་ཆེད་ཤ་མོ་འཐུ་བ་ནི་བདེ་འཇགས་ཡིན་ནམ།

ཁ་ཟས་ཆེད་དུ་ Mushroom ཤ་མོ་འཐུ་བ་ནི་འཛམ་གླིང་ལུང་པ་གང་སར་དར་སྲོལ་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་ཨོ་སི་ཊོ་ལི་ཡར་གསར་དུ་འབྱོར་མཁན་ཚོས་ཨོ་སི་ཊོ་ལི་ཡའི་ནང་ཁ་ཟས་ཆེད་རིའི་སྒང་དང་ཤིང་ནག་ཁྲོད་དུ་གང་བྱུང་ཤ་མོ་འཐུ་བ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ཕལ་ཆེར་ཤེས་ཀྱི་མེད། ཨོ་སི་ཊོ་ལི་ཡའི་ནང་ཤ་མོ་ཁག་ཅིག་ནི་དུག་ཅན་དང་། ཁག་ཅིག་ཟོས་ཚེ་ན་ཚ་ཕོག་སྲིད་པས་གལ་སྲིད་ཤ་མོ་གང་ཞིག་བཟའ་རུང་བ་དང་གང་ཞིག་བཟའ་མི་རུང་བ་ཤེས་རྟོགས་མེད་ཚེ་ཤ་མོ་འཐུ་ནས་བཟས་ན་ཉེན་ཁ་ཆེན་པོ་ཡིན།

Mushrooms_AusExpl_Social_1080x1350_LongLeftAligned_Blue.png
 ཨོ་སི་ཊོ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་ནང་ཨོ་སི་ཊོ་ལི་ཡའི་ནང་ཤ་མོ་འཐུ་བ་ནི་བདེ་འཇགས་ཡིན་མིན་དང་། ས་ཆ་གང་ཞིག་ཏུ་ཤ་མོ་འཐུ་ཆོག་མིན་སོགས་ཀྱི་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན། 

ཤ་མོ་འཐུ་རྒྱུ་ནི་གནས་སྤོ་བ་འགའ་ཞིག་ལ་མཚོན་ན་སེམས་ཚོར་ཆེན་པོ་ཞིག་དང་རིག་གཞུང་དང་འབྲེལ་བ་ཟབ་མོ་ཞིག་ཡོད་སྲིད། ཁྱིམ་མི་དང་གྲོགས་པོ་གྲོགས་མོ་ཚོ་མཉམ་དུ་ཤ་མོ་འཐུ་བར་འགྲོ་བ་ནི་བྱེད་སྒོ་གལ་ཆེན་ཞིག་དང་མ་ཚད་ཤ་མོ་འཐུ་བ་ནི་ཟས་རིགས་འཚོལ་སྒྲུབ་བྱེད་ཐབས་ཤིག་ཀྱང་ཡིན།

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་གནས་སྡོད་ཁཱ་རེ་སི་ཊི་བྷར་བྷར་ Kristy Barbara ལགས་ཀྱིས་ཁོ་མོ་ཕྲུ་གུ་ཡིན་དུས་ཁོ་མོའི་རྨོ་རྨོ་ལགས་དང་མཉམ་དུ་ཝི་ཊོ་རི་ཡ་མངའ་སྡེའི་ནང་ཨལ་ཐོ་ནཱ་ Altona ཞེས་པའི་ས་གནས་སུ་ཤ་མོ་འཐུ་བར་འགྲོ་མྱོངས་ཡོད་སྐོར་གསུངས་འདུག

ཁོ་མོས་ངའི་རྨོ་རྨོ་ནི་ལོ་རབས་བཞི་བཅུ་པའི་སྨད་དུ་རྒྱལ་ཁབ་མལ་ཊ་ Malta  ནས་ཨོ་སི་ཊོ་ལི་ཡར་གནས་སྤོས་བྱས་པ་དང་ཁོ་མོ་ནི་ཤ་མོ་འདེབས་འཛུགས་བྱེད་མཁན་ཞིག་རེད། ཁོ་མོ་ཨོ་སི་ཊོ་ལི་ཡར་སླེབས་རྗེས་ཤ་མོ་འཐུ་རྒྱུ་ནི་དགའ་སྤྲོ་ཆེ་ཤོས་ཤིག་དང་ཁོ་མོས་རིན་པ་སྤྲོད་མི་དགོས་པའི་ཤ་མོ་གི་ཁ་ཟས་བཟོ་རྒྱུ་ཧ་ཅང་དགའ་པོ་ཡོད། ཤ་མོ་དཀར་པོ་མང་པོ་ཞིག་ཚོ་དང་ཚོ་བྱས་ནས་སྐྱེས་ཡོད་པས་དེ་ཚོ་ངོ་མ་ཞིམ་པོ་ཡོད་པ་རེད་ཅེས་གསུངས་འདུག

ཌེ་གྷོ་བྷོ་ནེ་ཊོ་ Diego Bonetto ལགས་ནི་རི་སྐྱེས་ཟས་རིགས་སྐོར་ངོ་སྤྲོད་ཟབ་སྦྱོང་སྤྲོད་མཁན་ཞིག་ཡིན་ཞིང་། ཁོང་ཚོས་རི་སྐྱེས་ཟས་རིགས་འཐུ་སྟངས་དང་། དེའི་ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཕིན་ན་ཚལ་ Pine Forests ནང་ཤ་མོ་འཐུ་སྟངས་སྐོར་སོགས་འགྲེལ་བརྗོད་དང་ལམ་སྟོན་གནང་གི་ཡོད།

ཁོང་གིས་ཤ་མོ་འཚོལ་འཐུ་བྱེད་པ་ནི་གནོད་སྐྱོན་མེད་པའི་བྱ་འགུལ་ཞིག་ཡིན་ནའང་། གནོད་སྐྱོན་ཆེ་བའི་ཤ་མོ་དང་བདེ་འཇགས་ཀྱི་ཤ་མོ་གཉིས་ཀྱི་ཁྱད་པར་འབྱེད་པའི་ཤེས་བྱ་མེད་ན་ཉེན་ཁ་ཤིན་ཏུ་ཆེན་པོ་རེད་ཅེས་གསུངས་འདུག

ཁོང་གིས་ཟ་རུང་བའི་ཤ་མོ་རྣམས་ཨོ་སི་ཁྲུ་ལི་ཡའི་ས་ཕྱོགས་གང་སར་ཁྱབ་ཡོད། ཨོ་སི་ཊོ་ལི་ཡའི་ནང་རིག་གཞུང་མི་འདྲ་བ་དང་སྤྱི་ཚོགས་འདྲ་མིན་གྱི་མི་རྣམས་ཤིན་ཏུ་དགའ་མོས་ཆེ་བའི་ཤ་མོ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་རེད། དཔེར་ན། པོ་ལན་ཌི་དང་ཨུ་རུ་སུ། ཨི་ཊ་ལིའི་མི་རྣམས་ལ་ཧ་ཅང་དགའ་བའི་ཐང་ཤིང་གི་ཤ་མོ་ལྟ་བུ་དང་། ཞིང་པ་རྣམས་ལ་དགའ་བའི་ཞིང་ཁའི་ཤ་མོ་ལྟ་བུ། ཨོ་སི་ཊོ་ལི་ཡའི་ཞིང་པ་ཐམས་ཅད་ཀྱིས་ཞིང་ཁའི་ཤ་མོའི་རིགས་ངོ་ཤེས་ཀྱི་ཡོད། ཁྱེད་རང་ཕྱི་ལ་འགྲོ་ནས་ཤ་མོ་འཐུ་རྒྱུ་ནི་ཉེན་ཁ་ཞིག་ཀྱང་ཡིན་པས་ཤ་མོ་སྐོར་ཤེས་རྟོགས་ཡག་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག

སློབ་དཔོན་ཆེན་མོ་བྷེ་རེ་ཐི་སུ་མེ་རལ་ Professor Brett Summerell ལགས་ནི་ཨོ་སི་ཊོ་ལི་ཡའི་སིཌ་ནིང་ནང་ Botanic Gardens སྐྱེས་དངོས་ལྡུམ་རྭ་ལྷན་ཚོགས་ཀྱི་ཚན་རིག་དང་ཤེས་ཡོན། རྩི་ཤིང་སྲུང་སྐྱོབ་བཅས་ཀྱི་འགན་འཛིན་རེད།

ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ནང་གི་ཟ་རུང་བའི་ཤ་མོའི་རིགས་རྣམས་ངོས་འཛིན་བྱེད་པར་གཟབ་ནན་དང་ཆེད་མཁས་ཀྱི་ལག་རྩལ་དགོས་ཀྱི་ཡོད་ཅེས་གསུངས། 

ཁོང་གིས་ཉེན་ཁ་ནི་ཨོ་སི་ཊོ་ལི་ཡའི་ནང་གི་ཤ་མོ་འགའ་ཤས་ནི་འཛམ་གླིང་གི་ཡུལ་གྲུ་གཞན་ནས་མཐོང་རྒྱུ་ཡོད་པ་དེ་དག་དང་མི་འདྲ་བ་དེ་རེད། དེར་བརྟེན། འགའ་ཤས་ནི་དུག་ཅན་དང་འགའ་ཤས་ནི་མི་ལ་མི་འཕྲོད་པ་རེད། འགའ་ཤས་ནི་ཡག་པོ་ཡོད་པ་རེད། ཡིན་ན་ཡང་། ཁྱེད་ཀྱིས་རང་ཉིད་གང་དུ་གནས་ས་དང་། ཤ་མོ་འཚོལ་འཐུ་བྱེད་སའི་ཡུལ་ལུང་བྱེ་བྲག་པ་དེའི་ནང་གི་ཤ་མོའི་རིགས་གང་ཡིན་པ་ཤེས་ཀྱི་མེད་ན། ཁྱེད་ཀྱིས་ཤ་མོ་མི་འཕྲོད་པ་ཞིག་བདམས་ན། དེས་ཁྱེད་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ཆེན་པོ་གཏོང་སྲིད་པ་དང་། སྐབས་རེར་དུག་ཚབས་ཆེན་ཡང་ཕོག་སྲིད། ཁྱེད་ཀྱིས་ཤ་མོ་དེ་ཚོ་ངོ་ཡག་པོ་མ་ཤེས་ན་ཕྱི་ལ་ཤ་མོ་འཐུ་བར་མ་འགྲོ་ན་ཡག་ཤོས་རེད་ཅེས་གསུངས་འདུག

སློབ་དཔོན་ཆེན་མོ་བྷེ་རེ་ཐི་སུ་མེ་རལ་ Professor Brett Summerell ལགས་ནི་རྩི་ཤིང་སྨན་བཅོས་ཤ་མོ་སྐོར་ཆེད་མཁས་པ་ཞིག་ཡིན། ཁོང་གིས་ཤ་མོ་གི་བྱེ་བྲག་རིགས་ ༡༢༠ ལྷག་ཙམ་སྐོར་འགྲེལ་བརྗོད་ཀྱིས་རྩོམ་ཡིག་དང་། དུས་དེབ་སོག་ ༡༥༠ ལྷག་ཙམ་ནང་སྤེལ་ཡོད། ཁོང་གིས་ཨོ་སི་ཊོ་ལི་ཡའི་ལོ་འགའ་ཤས་གོང་མི་ཁ་ཤས་ཀྱིས་དུག་ཅན་ཤ་མོ་བཟས་ནས་འཆི་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག 

ཁོང་གིས་གལ་སྲིད་མི་ཞིག་གིས་འཆི་ཞྭ་ཅན་གྱི་ཤ་མོ་ཟོས་ན་འཆི་བའི་ཉེན་ཁ་ཡོད། ང་ཚོས་མཐོང་བའི་ནད་པ་མང་ཆེ་བའི་ཕོ་བའི་ནང་དུ་དུག་ཕོག་ནས་ཉིན་འགའ་ཤས་རིང་སྨན་བཅོས་བྱེད་དགོས་ཀྱང་། ནད་གཞི་དྲག་སྐྱེད་འབྱུང་གི་ཡོད། དེར་བརྟེན། ཤ་མོ་མི་འདྲ་བའི་དབར་ལ་ཁྱད་པར་ཆེན་པོ་ཡོད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་ནང་ཤ་མོ་རིགས་མི་འདྲ་བ་འབུམ་གཉིས་དང་ཕྱེད་ཀ་ཙམ་ཡོད། སློབ་དཔོན་ཆེན་མོ་བྷེ་རེ་ཐི་སུ་མེ་རལ་ Professor Brett Summerell ལགས་ཀྱིས་དུག་ཅན་གྱི་ཤ་མོའི་རིགས་སོགས་སྐྱེས་དངོས་ངོས་འཛིན་བྱ་རྒྱུ་ནི་ཆེད་ལས་རང་བཞིན་གྱི་ཤེས་བྱའི་གནད་དོན་ཞིག་རེད་ཅེས་གསུངས་འདུག 

ཁོང་གིས་ཉེན་ཁ་ཆེ་བའི་རིགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། དེ་དག་ལས་འགའ་ཤས་ནི་རྒྱ་མཚོའི་ཕ་རོལ་ནས་ཡོང་བའི་རིགས་ཤིག་སྟེ། དཔེར་ན། ཤ་མོ་འཆི་ཞྭ་ལྟ་བུ་དང་། གཞན་ཡང་ཤ་མོ་སྦྲང་བུ་མཆུ་རིང་ལྟ་བུ་ཡོད། ད་དུང་ཉ་ཕྱིས་ཀྱི་རྣམ་པ་ཅན་གྱི་ཡུལ་གྱི་རིགས་འགའ་ཤས་ཀྱང་ཡོད། ཁྱད་པར་དུ་ཤ་མོ་གདོན་འདྲེ་ལྟ་བུ་རེད། གལ་སྲིད་ཁྱེད་ཀྱིས་དེ་དག་ཟོས་ན། སྐྱུག་མེར་ལྡང་བ་དང་། གྲོད་ཁོག་བཤལ་བ། ཕོ་བའི་ན་ཚ་སོགས་ཀྱི་དཀའ་ངལ་འབྱུང་སྲིད་པས། མཐར་ཁྱེད་རང་སྨན་ཁང་དུ་འགྲོ་དགོས་འཁེལ་སྲིད་ཅེས་གསུངས་འདུག 

ཤ་མོ་དུག་ཅན་ Cap Mushroom ཟེར་བ་དེ་ཨོ་སི་ཊོ་ལི་ཡའི་ནང་ཏཱ་སི་མ་ནིང་ཨ་དང་། ཝི་ཊོ་རི་ཡ། ལྷོ་ཕྱོགས་མངའ་སྡེ་དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་མངའ་ཁུལ་བཅས་ནས་རྙེད་ཀྱི་ཡོད། 

ཏཱ་སི་མ་ནིང་ཨའི་ནང་ཤ་མོ་དུག་ཕོག་མཁན་མཁལ་མ་བེད་མེད་ཆགས་པ་དང་ཁྲག་གཙང་བཟོ་བྱེད་དགོས་འཁེལ་གྱི་ཡོད་འདུག དེ་དང་གཅིག་མཚུངས་སུ་ཝི་ཊོ་རི་ཡའི་ནང་ལ་ཡང་གནས་ཚུལ་ཐོན་ཡོད་ཀྱང་ད་དུང་ངོས་འཛིན་གཅིག་གྱུར་ཐུབ་མེད་པ་རེད། 

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རི་སྐྱེས་ཟས་རིགས་སྐོར་ཆེད་མཁས་པ་སྐུ་ཞབས་བྷོ་ནེ་ཐི་ Mr Bonetto ལགས་ཀྱིས་ཟ་རུང་བའི་ཤ་མོ་དང་དུག་ཅན་གྱི་ཤ་མོ་གཉིས་ཀྱི་ཁྱད་པར་འབྱེད་པ་ལ། ང་ཚོས་ངེས་པར་དུ་དེ་དག་གི་དམིགས་བསལ་ཁྱད་ཆོས་རྣམས་ངོས་འཛིན་བྱེད་ཐུབ་དགོས། སྐབས་རེར་དེ་དག་མངོན་གསལ་དོད་པོ་མིན་ཞིང་། ཡང་ན་དེ་དག་གི་ལོ་ན་རྒན་གཞོན་གྱི་ཁྱད་པར་ལ་བརྟེན་ནས་འཁྲུལ་སྣང་སྐྱེ་སྲིད། རྒྱུ་མཚན་དེའི་རྐྱེན་པས་ཤིང་ནག་ཁྲོད་དུ་ཤ་མོ་འཐུ་བར་འགྲོ་སྐབས་ཆེད་མཁས་པ་ཞིག་དང་ལྷན་དུ་འགྲོ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག 

ཁོང་གིས་སྔོན་ཆད་ཟ་རུང་བའི་ཤ་མོ་རིགས་ཟས་བཟོ་མྱོང་མེད་པའི་མི་རྣམས་ལ་མཚོན་ན། ངོ་སྤྲོད་བྱེད་ཐུབ་མཁན་གྱི་མི་ཞིག་དང་མཉམ་དུ་སོང་ན་ཡག་པོ་ཡོད། ཁྱེད་ཀྱིས་དྲ་ཐོག་དང་ཡོ་ཊུབ་སོགས་ཀྱི་ནང་ཤ་མོ་སྐོར་གནས་ཚུལ་མང་པོ་ཞིག་ཤེས་ཐུབ། ཡིན་ན་ཡང་ས་གནས་ཀྱི་མི་དང་མཉམ་དུ་ལས་ཀ་བྱས་ན། ཁོང་ཚོས་ཟ་རུང་བ་དང་མི་རུང་བའི་ཤ་མོ་སྐོར་མང་པོ་ཤེས་ཀྱི་ཡོད་པས་དེ་ཚོ་ལས་སློབ་སྦྱོང་བྱས་ན་དངོས་གནས་དེ་ལས་ལྷག་ཡོད་མ་རེད་ཅེས་གསུངས་འདུག 

ཞབས་བྷོ་ནེ་ཐི་ Mr Bonetto ལགས་ཀྱིས་གལ་སྲིད་ཁྱེད་རང་གི་ས་ཆ་གང་ཞིག་ཏུ་ཤ་མོ་འཐུ་བ་ཕྱིན་པ་ཡིན་ན་བདེ་འཇགས་དང་ཉེན་ཁ་མེད་པ་ཤེས་དགོས་རྒྱུ་གལ་ཆེན་པོ་དང་། དཀའ་ངལ་ནི་ཁྱེད་རང་དེ་སྔོན་འགྲོ་མྱོངས་མེད་པའི་ས་ཆ་ཞིག་ལ་ཕྱིན་ནས་ཤ་མོ་འཐུ་བ་ནི་ཉེན་ཁ་ཅན་ཞིག་དང་ཁྱེད་རང་གིས་ཤ་མོ་ཁག་ཅིག་ངོ་རྟགས་ཆོད་མི་ཐུབ་ཅེས་གསུངས་འདུག

སློབ་དཔོན་ཆེན་མོ་བྷེ་རེ་ཐི་སུ་མེ་རལ་ Professor Brett Summerell ལགས་ཀྱིས་རུལ་བཞིན་པའི་ཤ་མོ་རིགས་འཐུ་མི་རུང་ཞེས་གསུངས་འདུག 

ཁོང་གིས་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་དོན་གཙོ་བོ་ནི། དུག་ཅན་གྱི་ཤ་མོ་རིགས་མི་འཐུ་རྒྱུ་དེ་གལ་ཆེན་པོ་རེད། མ་ཚད་གལ་སྲིད་ཤ་མོ་དེ་ཅུང་ཟད་ཉམས་རྒུད་དུ་གྱུར་ནས་རུལ་འགོ་ཚུགས་འདུག་ན་དེ་ཚོ་ཡང་འཐུ་མི་རུང་། དེ་ཚོས་སྐབས་རེར་ཕོ་བའི་ནང་དུ་ཕྲ་སྲིན་འགོས་ཁྱབ་ཀྱིས་ཕོ་བའི་ན་ཚ་འབྱུང་སྲིད་པས་དེ་དག་ལ་ཡང་གཟབ་གཟབ་བྱེད་དགོས། ད་དུང་མི་འགའ་ཤས་ལ་སོ་སོའི་གནས་སྟངས་ལ་བརྟེན་ནས་ཤ་མོ་འདྲ་མིན་ལ་ཞེན་པ་ལོག་པའི་དཀའ་ངལ་ཡོད། དེར་བརྟེན། ང་ཚོས་གནད་དོན་འདི་དག་ཐམས་ཅད་ལ་བསམ་བློ་གཏོང་དགོས། དེ་འདྲ་བྱས་ན་ད་གཟོད་ང་ཚོར་ལུས་མི་བདེ་བའི་ཚོར་བ་ཡོང་གི་མ་རེད་ཅེས་གསུངས་འདུག 

སྐུ་ཞབས་བྷོ་ནེ་ཐི་ Mr Bonetto ལགས་ཀྱིས་ཤ་མོ་འཐུ་མཁན་ཚོས་ཤ་མོ་འཐུ་བའི་དུས་ཚིགས་དེ་ཡང་ག་དུས་ཡིན་མིན་ཤེས་དགོས། གནམ་གཤིས་བསིལ་པོ་དང་བརླན་བཤེར་སྐབས་སུ་ཤ་མོ་ཡག་པོ་སྐྱེ་བཞིན་ཡོད་སྐོར་གསུངས་འདུག 

ཁོང་གིས་ཤ་མོའི་དུས་ཚིགས་ནི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་ཟླ་བ་དྲུག་པའི་ཟླ་དཀྱིལ་བར་དུ་གནས་སྟངས་དང་ཡུལ་ལ་ལྟོས་ཏེ་འགོ་འཛུགས་ཀྱི་ཡོད། ཝིག་ཊོ་རི་ཡའི་ནང་དུ་ཅུང་སྔ་ཙམ་འགོ་འཛུགས་ཀྱི་ཡོད་ལ། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དུ་ཅུང་འཕྱི་ཙམ་འགོ་འཛུགས་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་སུ་ཡང་ཅུང་འཕྱི་ཙམ་འགོ་འཛུགས་ཀྱི་ཡོད། སྤྱིར་ཚོགས་པའི་འགྲོ་ལུགས་ཤིག་གི་ཐོག་ནས་བཤད་ན། ཡེ་ཤུའི་འདས་ལོག་དུས་ཆེན་ནི་ཤ་མོ་ཉོ་རྒྱུ་ཡོད་པའི་དུས་ཚོད་རེད་ཅེས་གསུངས་འདུག 

སྐུ་ཞབས་བྷོ་ནེ་ཐི་ Mr Bonetto ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་སོ་སོར་ཤ་མོ་འཐུ་སྟངས་སྐོར་ཁྲིམས་དང་སྒྲིག་གཞི་མ་འདྲ་བ་ཡོད་པས་ཁྱེད་རང་གནས་སྡོད་བྱེད་སའི་ས་ཁུལ་དེའི་ཁྲིམས་དང་སྒྲིག་གཞི་ཤེས་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག 

ཁོང་གིས་ནིའུ་སའོ་ཐི་ཝལ་མངའ་སྡེ་ NSW ནང་མངའ་སྡེ་ནང་གི་ཤིང་ནག་ཁྲོད་ pine mushrooms ཞེས་པའི་ཤ་མོ་དེ་འཐུ་ཆོག ཡིན་ན་ཡང་མངའ་སྡེ་གཞན་པའི་ནང་དེ་འཐུ་མི་ཆོག ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ས་གནས་ཀྱི་ཤ་མོ་དང་ས་ཆ་གཞན་ནས་འཁྱེར་ཡོང་བའི་ཤ་མོ་སོགས་ག་རེ་ཡིན་རུང་ཁྱེད་རང་གིས་ཤ་མོ་འདེབས་འཛུགས་བྱེད་མི་ཆོག ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ལ་ཡང་དེ་བཞིན་མི་ཆོག་ཅེས་གསུངས་འདུག 

སྐུ་ཞབས་བྷོ་ནེ་ཐོ་ལགས་ཀྱིས་སྒེར་གྱི་ས་ཞིང་ཐོག་ག་དུས་ཡིན་ནའང་ཤ་མོ་འཚོལ་འཐུ་བྱེད་ཆོག་གི་ཡོད་སྐོར་བརྗོད་འདུག 

ཁོང་གིས་མཚམས་རེར་སྒྲིག་སྲོལ་ཡང་འགྱུར་བ་འགྲོ་བཞིན་ཡོད་པས། ཁྱོད་ཀྱིས་རང་གི་ཉེ་འཁོར་གྱི་ད་ལྟའི་སྒྲིག་སྲོལ་ལ་རྒྱུས་ལོན་བྱས་ཏེ་ས་གནས་ས་ཞིང་ལས་ཁུངས་ལ་འབྲེལ་བ་བྱོས་དང་ཁྱེད་ལ་ཕན་ཐོགས་ཡོད། ཁྱོད་ཀྱི་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ལམ་སྟོན་ལ་དོ་སྣང་ངེས་ཅན་ཞིག་ཡོད་སྲིད་ལ། ཁྲིམས་ལུགས་དང་བཟང་སྤྱོད་ཀྱི་སྐོར་ལ་རྒྱུས་ལོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཡིན་ནའང་། གལ་སྲིད་ཁྱོད་ལ་སྒེར་གྱི་ས་ཞིང་དང་ཡང་གྲོགས་པོ་ལ་ས་ཞིང་ཡོད་ན་ཁྱོད་ལ་སྒྲིག་སྲོལ་གང་ཡང་མི་དགོས་པར་ཤ་མོ་འཐུ་ཆོག་ཅེས་གསུངས་འདུག

 གལ་སྲིད་ལེ་ཚན་འདིའི་ཐོག་ནས་ཁྱེད་རང་གི་འཕྲོད་བསྟེན་ཐད་སེམས་འཚབ་དང་མི་སུ་ཞིག་ཤ་མོ་སྐོར་ན་ཚ་དང་སེམས་ཁྲལ་བྱུང་ཚེ་ཨོ་སི་ཊོ་ལི་ཡའི་ནད་དུག་གནས་ཚུལ་ལྟེ་གནས་ཀྱི་ཁ་པར་ཨང་གྲངས་ 131 126 ཐོག་འབྲེལ་བ་གནང་རོགས།

ཡང་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་ཚེ་ཁ་པར་ཨང་གྲངས་ 000 ལ་འབྲེལ་བ་བྱེད་དགོས།

Share
Published 8 May 2024 8:04pm
Updated 8 May 2024 8:08pm
Presented by Sangyal Dorjee
Source: SBS

Share this with family and friends